དབུ་ཤོག>བོད་ལུགས་གསོ་རིག
  • བོད་ཀྱི་འཕྲོད་བསྟེན་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-07

        བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60རིང་རང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་བདེ་ཐང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། མི་རེའི་ཆ་སྙོམས་ཚེ་ཚད་ཞི་བས་བཅིངས་འགྲོལ་བཏང་མ་ཐག་གི་ལོ་35.5ནས་ད་ལྟའི་ལོ་67བར་རིང་དུ་ཕྱིན་ཡོད་པ་དང་མི་འབོར་1951ལོའི་མི་ཁྲི་114.09ནས་མི་ཁྲི་300བར་འཕར་ཡོད།

        གསར་འགོད་པར་ཉེ་ཆར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60རིང་རང་ལྗོངས་ཀྱི་འཕྲོད་བསྟེན་བྱ་གཞག་ལ་འཕེལ་རྒྱས་མྱུར་པོ་བྱུང་ནས་ལྷ་སས་ལྟེ་བ་བྱས་པའི་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་བ་སྤྱིར་ན་ཆགས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་འགོ་ནད་དང་ཡུལ་ནད་ཚོད་འཛིན་ནུས་ལྡན་བྱུང་ནས་བུད་མེད་དང་བྱིས་པའི་བདེ་ཐང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་མི་རེའི་ཆ་སྙོམས་ཚེ་ཚད་ཞི་བས་བཅིངས་འགྲོལ་བཏང་མ་ཐག་གི་ལོ་35.5ནས་ད་ལྟའི་ལོ་67བར་རིང་དུ་ཕྱིན་ཡོད་པ་དང་མི་འབོར་1951ལོའི་མི་ཁྲི་114.09ནས་མི་ཁྲི་300བར་འཕར་ཡོད། 2010ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྡེ་ཚན་1352དང་འཕྲོད་བསྟེན་མི་སྣ་ཁྱོན་བསྡོམས་12269ཟིན་པ་དེ་བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་ལས་ལྡབ་450དང་ལྡབ་123འཕར་བ། རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གི་ཐིང་ཀྲང་ཕུར་བུ་སྒྲོལ་མས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་བ་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་ནས་དུས་རབས་གོང་མའི་ལོ་རབས་དྲུག་ཅུ་པར་རྫོང་རིམ་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཙུགས་པ་དང་། དུས་རབས་གོང་མའི་ལོ་རབས་བདུན་ཅུ་པར་ནད་ཡམས་སྔོན་འགོག་ཚོད་འཛིན་སྒྲིག་གཞི་བཙུགས་པ། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་ལྗོངས་ཡོངས་སུ་མ་བུ་འཕྲོད་སྦྱོར་ཁང (ས་ཚིགས )བཅས་བཙུགས་ཡོད། ལོ་རབས་དགུ་བཅུ་པར་ཞིང་འབྲོག་ཁུལ་གྱི་འཕྲོད་བསྟེན་བྱ་གཞག “རྣམ་གྲངས་གསུམ ”(ཤང་གི་འཕྲོད་བསྟེན་ཁང་དང་། རྫོང་འཕྲོད་བསྟེན་ས་ཚིགས། རྫོང་མ་བུ་འཕྲོད་སྦྱོར་ཁང )འཛུགས་རྒྱུ་ལག་ལེན་བསྟར་བ་དང་2000ལོ་ནས་བཟུང་རང་སྐྱོང་ལྗོངས་འཕྲོད་བསྟེན་ལྟ་སྐུལ་སུའོ་དང་རང་སྐྱོང་ལྗོངས་ཟུངས་ཁྲག་ལྟེ་གནས་གཉིས་དངོས་སུ་བཙུགས་པ་དང་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་བ་སྒོ་ཀུན་ནས་བཙུགས་ཡོད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་འཕྲོད་བསྟེན་བྱ་གཞག་ལ་མ་འཇོག་བྱེད་ཤུགས་ལོ་རེ་བཞིན་ཆེ་རུ་བཏང་ནས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་རང་སྐྱོང་ལྗོངས་སྨན་རྩིས་ཁང་རྒྱས་སྐྲུན་བསྐྱར་སྐྲུན་བྱས་པ་དང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་དངོས་སུ་རྒྱག་བཞིན་ཡོད་པ། ས་ཁུལ་དང་། རྫོང་། ཤང (གྲོང་རྡལ )བཅས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་རྒྱས་སྐྲུན་བསྐྱར་སྐྲུན་གྱི་ལས་གྲྭ་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ་བཅས་དང་དུས་མཚུངས་གཞི་རིམ་གི་སྨན་བཅོས་སྒྲིག་གཞིར་ཞིང་འབྲོག་ཁུལ་གྱི་སྐོར་བསྐྱོད་སྨན་བཅོས་རླངས་འཁོར་དང་། ཚོན་ཁྲ་ཅན་གྱི་Bའཕྲོ་རླབས། Xའོད་འཕྲུལ། དཔྱད་གྲངས་མང་བའི་ལྟ་སྐྱོང་དཔྱད་ཆས། ཕྲ་མཐོང་ཆེ་ཤེལ། སྙིང་པར་འཕྲུལ་འཁོར་སོགས་་སྨན་བཅོས་སྒྲིག་ཆས་བཀོད་སྒྲིག་བྱས་པ་དང་སྨན་བཅོས་ཞབས་ཞུའི་དྲ་བ་བཙུགས་པ་དང་འཕྲོད་བསྟེན་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་ཕྱིན་ནས་རྒྱ་ཆེའི་མི་དམངས་མང་ཚོགས་རྣམས་ནད་ལྟ་བ་དང་སྨན་པ་བསྟེན་རྒྱུ་འགན་ལེན་བྱུང་ཡོད་ཅེས་གསུངས་པ་རེད།

        ཕུར་བུ་སྒྲོལ་མས་བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་རྒྱལ་ཁབ་ཀྱིས་ཞིང་འབྲོག་པར་དམིགས་བསལ་གྱི་སྨན་ཡོན་མི་དགོས་པའི་སྨན་བཅོས་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པ་རེད། 2003ལོ་ནས་བཟུང་སྨན་ཡོན་མི་དགོས་པའི་སྨན་བཅོས་ཀྱིས་རྨང་གཞི་དང་སྲིད་གཞུང་གིས་མ་འཇོག་བྱེད་རྒྱུ་གཙོ་གནད་དུ་བྱས་ཏེ་ཁྱིམ་ཚང་གི་རྩིས་ཁྲ་དང་ནད་ཆེན་གཅིག་གྱུར་འཆར་འགོད། སྨན་བཅོས་རོགས་སྐྱོར་ཟུང་འབྲེལ་བྱེད་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་སྒོ་ཀུན་ནས་བཙུགས་ཡོད། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་པའི་སྨན་ཡོན་མི་དགོས་པའི་སྨན་བཅོས་འགྲོ་གྲོན་གྱི་རོགས་དངུལ་ཚད་གཞི་ལོ་རེ་བཞིན་མཐོ་རུ་བཏང་ནས་1993ལོའི་མི་རེའི་ཆ་སྙོམས་སྒོར་5.5ནས་2010ལོའི་མི་རེའི་ཆ་སྙོམས་སྒོར་180བར་མཐོ་རུ་བཏང་བ་དང་འདི་ལོ་ཚད་གཞི་དེ་སྒོར་260བར་མཐོ་རུ་གཏོང་རྒྱུ་ཡིན་པ་རེད། ཞིང་འབྲོག་ཁུལ་གྱི་སློབ་གྲྭར་ཡོད་མུས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་གྲྭ་བཙུན་ཚང་མར་སྨན་ཡོན་མི་དགོས་པའི་སྨན་བཅོས་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

        རང་ལྗོངས་ཀྱི་མ་བུའི་འཕྲོད་བསྟེན་འཕྲོད་སྦྱོར་ལས་དོན་ངོ་སྤྲོད་གནང་སྐབས་ཕུར་བུ་སྒྲོལ་མས་རང་ལྗོངས་སུ་མ་བུ་འཕྲོད་སྦྱོར་ཁང (ས་ཚིགས་)57དང་ཕྲུ་གུ་དམར་འབྱར་གྱི་སྨན་ཁང་8བཙུགས་པ་དང་རྫོང་རིམ་པ་ཡན་གྱི་སྨན་ཁང་108དང་གཙོ་གནད་ཤང་110ལ་མོ་ནད་བུ་བཙའ་ཚན་ཁག་དང་མ་བུ་འཕྲོད་སྦྱོར་ཁང་བཙུགས་ཡོད་པ་རེད། “སྦྲུམ་མ་ཤི་ཚད་ཉུང་དུ་གཏོང་བ་དང་དམར་འབྱར་གྱི་རྨ་ངན་དུག་མཆེད་ནད་མེད་པ་བཟོ་བ ”སོགས་ཀྱི་རྣམ་གྲངས་ལག་ལེན་ཤུགས་ཆེན་བསྟར་བ་དང་དེ་བཞིན་ཞིང་འབྲོག་པའི་སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་རྒྱུར་བྱ་དགའ་སྤྲོད་པའི་སྲིད་ཇུས་སོགས་ཀྱི་བྱ་ཐབས་ལག་ལེན་བསྟར་བ་བརྒྱུད་རྒྱ་ཆེའི་བུད་མེད་དང་བྱིས་པའི་བདེ་ཐང་གི་ཁེ་དབང་འགན་ལེན་བྱས་པས་རང་ལྗོངས་སུ་སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེས་ཚད་དང་སྐྱེས་བསུ་དུག་སེལ་བྱེད་ཚད་ལོ་རེ་བཞིན་མཐོ་རུ་སོང་སྟེ་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་དེ་ཞི་བས་བཅིངས་འགྲོལ་མ་བཏང་གོང་ལས་ལྡབ་28.6དང་ལྡབ་20.7ཆག་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།