ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། 《བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱི་བསམ་འཆར 》ཉེ་ཆར་དངོས་སུ་བཏོན་ཞིང་། དེའི་ནང་བོད་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུའི་མ་ལག་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། བོད་སྨན་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་དང་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་དང་ཞིབ་འཇུག་བྱ་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁྲིམས་སྲོལ་དང་ཚད་གཞི་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་གཏོང་རྒྱུའི་གཙོ་གནད་ལས་འགན་དགུ་བཏོན་ཡོད་པ་རེད།
《བསམ་འཆར 》ནང་བཏོན་པའི་གཙོ་གནད་ལས་འགན་དགུའི་གྲས་སུ་བོད་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཞབས་ཞུའི་མ་ལག་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚན་རྩལ་རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ། བོད་སྨན་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་དང་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་དང་ཞིབ་འཇུག་བྱ་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཁྲིམས་སྲོལ་དང་ཚད་གཞི་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གནས་འཛུགས་སྤེལ་ལ་ཤུགས་སྣོན་རྒྱག་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཕྱི་ཕྱོགས་སྤེལ་རེས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ། དེ་བཞིན་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་བཟོ་རྒྱུ་བཅས་ཚུད་ཡོད་པ་རེད།
བོད་ལུགས་གསོ་རིག་དང་བོད་སྨན་ནི་མིག་སྔར་རང་རྒྱལ་དུ་འཐུས་སྒོ་ཚང་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་མི་རིགས་ཀྱི་གསོ་རིག་དང་སྨན་གྱི་གྲས་ཤིག་དང་བོད་རིགས་མི་དམངས་ཀྱིས་དཀའ་སྡུག་ཆེ་བའི་རང་བྱུང་ཁོར་ཡུག་ཁྲོད་ཕུན་སུམ་ཚོགས་པའི་ཐོན་སྐྱེད་དང་འཚོ་བའི་ནང་ལག་ལེན་ཡུན་རིང་བྱས་པ་བརྒྱུད་ཀྲུང་ལུགས་གསོ་རིག་དང་། གནའ་བོའི་རྒྱ་གར་གྱི་གསོ་རིག གནའ་བོའི་ཨ་རབ་ཀྱི་གསོ་རིག་བཅས་ཀྱི་ཁྱད་ཡོན་འཚོལ་བསྡུ་གང་མང་བྱས་པའི་ཁར་རིམ་བཞིན་གསོག་འཇོག་དང་འཐུས་སྒོ་ཚང་དུ་བཏང་བ་ལས་གྲུབ་པའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་དང་། རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆ་ཚང་བ། ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་བཅས་ཀྱི་སྲོལ་རྒྱུན་གསོ་རིག་མ་ལག་ཅིག་རེད། གངས་ལྗོངས་ས་མཐོའི་ཐོག་ལོ་2000ལྷག་ཙམ་རྒྱུན་འཛིན་བྱས་པའི་བོད་ལུགས་གསོ་རིག་དང་བོད་སྨན་དེ་ད་ལྟའང་བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཚོའི་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད།