དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལུགས་གསོ་རིག་གོང་འཕེལ་གཏོང་བའི་མདུན་ལམ་ཡག་པོ་ཡོད་པས་ཤེས་ལྡན་པ་དགོས་མཁོ་ཤིན་ཏུ་ཆེ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-07

        【སྲིད་ཇུས 】 བོད་ལུགས་གསོ་རིག་གི་མཐོ་སློབ་སློབ་གསོའི་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིམ་མཐོའི་ཤེས་ལྡན་པ་དང་དེ་བཞིན་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྤྱོད་གོ་ཆོད་པའི་ཤེས་ལྡན་པ་གསོ་སྦྱོང་བྱ་རྒྱུར་མཐོང་ཆེན་བྱས་ནས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དེ “བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན ”དུ་རིམ་གྱིས་འགྱུར་བ་བྱེད་པ་དང་སྦྲགས་ཚན་ཞིབ་བྱ་ཤུགས་ཆེ་རུ་བཏང་སྟེ་བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་དང་གསར་གཏོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་གཏོང་བར་ཚོད་འཛིན་བཟོ་བའི་ལག་རྩལ་ཐད་ཀྱི་འཇུར་མིག་མེད་པ་བཟོས་ཐོག་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚན་རྩལ་འབྲས་བུ་དེ་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་བ་བྱེད་དགོས།

        རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གི་ཐིང་ཀྲང་གཞོན་པ་ཤི་ལོག་ལ་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་གཏོང་རྒྱུར་ལྟ་སྟངས་དེ་འདྲ་ཞིག་ཡོད་པ་སྟེ། “བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་གོང་འཕེལ་གཏོང་རྒྱུའི་ལས་འགོ་ཡག་པོ་བརྩམས་ཡོད་རུང་། ཚན་ཞིབ་དང་གསར་སྤེལ་བྱ་ཤུགས་མི་འདང་བ་དང་ཞིབ་འཇུག་དང་གསར་སྤེལ་བྱ་རྒྱུར་ཚོད་འཛིན་ཕོག་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ཤེས་ལྡན་པ་ཁ་ཐང་བ ”དེ་རེད།

        ལོ་2300ལྷག་ཙམ་གྱི་འཕེལ་རྒྱས་ལོ་རྒྱུས་ལྡན་པའི་བོད་ལུགས་གསོ་རིག་དང་བོད་སྨན་དེས་ཁྱད་དུ་འཕགས་པའི་སྨན་བཅོས་བྱ་ཐབས་ལ་བརྟེན་ནས་གཅོང་ནད་དང་། རྒྱུན་འབྱུང་ནད་རིགས། བཅོས་དཀའ་བའི་ནད་སོགས་ལ་ཕན་ནུས་ཆེན་པོ་ཐོན་གྱི་ཡོད་པ་དང་ལྷག་དོན་དུ་ས་མཐོའི་རྒྱུན་མཐོང་གི་ཁོག་ནད་ཚན་ཁག་གི་ནད་གཞི་དང་འཇུ་ལམ་ནད་རིགས་སོགས་ལ་ཕན་པ་མངོན་གསལ་དོད་པོ་ཐོན་གྱི་ཡོད་པར་བརྟེན་བོད་ལུགས་གསོ་རིག་དང་བོད་སྨན་དེ་རང་རྒྱལ་དུ་ཆ་ཚང་ཤོས་དང་ཤུགས་རྐྱེན་ཆེན་པོ་ལྡན་པའི་མི་རིགས་ཀྱི་གསོ་བ་རིག་པའི་གྲས་ཤིག་ཏུ་གྱུར་བ་རེད།

        ཡིན་ནའང་སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་དེ་རྒྱུན་འཛིན་བྱེད་པ་དང་འཕེལ་རྒྱས་གཏོང་སྐབས་ཤེས་ལྡན་པ་ཁ་ཐང་བའི་གནད་དོན་ཐོན་ཡོད་པས་བོད་སྨན་གསར་པ་ཞིབ་བཟོ་བྱེད་པར་ཤེས་ལྡན་པའི་དགོས་མཁོ་ཤིན་ཏུ་ཆེན་པོ་ཡོད།

        《བསམ་འཆར 》ནང “བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དེ ‘བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན ’དུ་སྒྱུར་རྒྱུར་འབད་བརྩོན་ལྷོད་མེད་བྱེད་དགོས ”ཞེས་བཏོན་ཡོད་པ་དེས་ཤེས་ལྡན་པ་ཁ་ཐང་བའི་གནད་དོན་ཐད་ཐབས་དང་ཇུས་བཏོན་ཡོད། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་ཡོན་ཀྲང་ཉི་མ་ཚེ་རིང་གིས “སློབ་གླིང་གིས་ཕྱོགས་གཅིག་ནས་འབུམ་རམས་པའི་སློབ་ཁྲིད་བྱ་ཡུལ་བརྩོན་ལེན་བྱེད་བཞིན་ཡོད་པ་དང་ཕྱོགས་གཞན་ཞིག་ནས་གསོ་སྐྱོང་གི་གཞི་རྒྱ་ཆེ་རུ་བཏང་སྟེ ‘ལོ་ལྔ་ཚན་བཅུ་གཉིས་པའི ’རིང་སློབ་གྲྭར་སློབ་སྦྱོང་བྱེད་མུས་ཀྱི་ཞིབ་འཇུག་སློབ་མ་100གསོ་སྦྱོང་བྱ་རྒྱུའི་དམིགས་ཚད་བསྒྲུབ་རྒྱུའི་བརྩོན་ལེན་བྱེད་བཞིན་ཡོད ”ཅེས་ཡིད་ཆེད་ཀྱིས་ཁེངས་བཞིན་དུ་བཤད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 1999ལོར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གིས་རབ་འབྱམས་པའི་སློབ་ཁྲིད་བྱ་ཡུལ་བཙུགས་པ་ནས་བཟུང་ད་བར་ཞིབ་འཇུག་སློབ་མ་93གསོ་སྦྱོང་བྱས་པ་དེ་དག་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་ཁྲོད་ཀྱི་ཞིབ་འཇུག་རྐང་འཛིན་པར་འགྱུར་ཡོད་པས་སླད་ཕྱིན་གསོ་སྦྱོང་བྱ་རྒྱུའི་ཞིབ་འཇུག་སློབ་མ་100བརྩིས་ན་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་བཟོ་དང་གསར་སྤེལ་གྱི་དཀའ་གནད་སེལ་ཐུབ་ངེས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།