ཚིགས་ན་བ་ནི་ནད་ཐོག་གི་རྒྱུན་མཐོང་ནད་རྟགས་ཤིག་ཡིན་ལ། ཚིགས་ལ་ན་ཟུག་སྐྱེད་པའི་ནད་རིགས་ཤིན་ཏུ་མང་ཡང་ཅུང་རྒྱུན་མཐོང་ཡིན་པའི་གྲུམ་བུའི་ཚིགས་ནད་ནི་གཤམ་གྱི་འདི་དག་སྟེ།
1.གྲུམ་བུའི་རང་བཞིན་གྱི་ཚིགས་ནད། མངོན་རྟགས་ལ་ནད་མྱུར་ཏུ་འབྱུང་བ། ཚ་རྒྱས་པ། འཕར་རྩ་མགྱོགས་པ་སོགས་ལུས་ཡོངས་ཀྱི་རྟགས་ཡོད་པ། གཙོ་བོ་གྲུ་མོ་དང་མཁྲིག་མ། པུས་ཚིགས་དང་ལོང་ཚིགས་སོགས་ཚིགས་ཆེན་ལ་རྒོལ་བ། ན་ཟུག་འཕོ་བ། ཚིགས་སྐྲངས་པ་མངོན་གསལ་ཡིན་པ། སྙིང་ལ་རྒོལ་བའང་ཡོད་ཅིང་ན་གཞོན་དང་དར་མ་ལ་མཐོང་བ་མང་།
2. གྲུམ་བུའི་གྲངས་གཤིས་ཚིགས་ནད། གྲངས་ངར་ཆེ་བའི་ས་ཁུལ་དུ་མཐོང་མང་ལ་བྱུང་ཚད་ཀྱང་མང་། ཚིགས་ན་བ་མང་ཆེ་བ་འདི་ལ་གཏོགས། ནད་མང་ཤོས་ལ་རྒྱུན་དུ་ཆུ་ནང་དུ་ལས་ཀ་བྱེད་པའམ་ཕྲུ་གུ་བཙས་རྗེས་ལུས་འཁྱགས་པ། སྡོད་གནས་དང་བྱ་བ་སྒྲུབ་སར་རླན་ཆེ་བ། ཉི་འོད་མི་ཕོག་པའི་ཡུལ་དུ་ཡུན་རིང་སྡོད་པ་སོགས་ཀྱི་ལོ་རྒྱུས་ཡོད་ཅིང་། ན་ཟུག་ལ་ཅུང་ཟད་ན་བ་དང་ན་ཟུག་ཆེར་མི་ཚོར་བར་ན་བའི་ཁྱད་པར་ཡོད། མང་ཆེ་བ་སྐྲངས་མེད་པ་དང་གནམ་གཤིས་ཀྱི་འགྱུར་ལྡོག་ལ་འབྲེལ་བ་ཟབ།
3. རུས་གཤིས་ཚིགས་ནད། རྒྱུན་དུ་འགུལ་སྐྱོད་མང་བ་དང་ལྗིད་ཆེན་པོ་ཐེགས་པའི་མཁྲིག་མ་དང་གྲུ་མོ། པུས་ཚིགས་བཅས་ལ་མཐོང་བ་མང་། ཕོག་ཐུག་བཏང་བའི་ཚིགས་ལ་རུས་ཇེ་ཆེར་འགྲོ་བ། པགས་པ་ལ་མདོག་དམར་བ་དང་ཚ་ཡོད་པའི་མངོན་རྟགས་མང་ཆེ་བ་དར་མ་ལ་འབྱུང་།
4.གྲུམ་བུ་འདྲ་བའི་ཚིགས་ནད། མང་ཆེ་བ་ཐོག་མར་མཁྲིག་མ་དང་རྐང་ལག་གི་ཚིགས་ཕྲན་རྣམས་འབྱུང་བ་དང་ཞོར་ལ་ཚད་མི་འདྲ་བའི་སྐྲངས་པ། གནོན་ཟུག་ཡོད་པ། འགུལ་སྐྱོད་དཀའ་བ། ཞོགས་པ་མལ་ནས་ཡར་ལངས་སྐབས་ལག་སོར་ལ་མངོན་གསལ་གྱིས་སྲ་རེངས་ཀྱི་རྟགས་ཡོད་པ། ཅུང་འགུལ་རྗེས་ཇེ་བཟང་ལ་སོང་ནས་ནད་རྟགས་ཡལ་འགྲོ་བ། རྒྱུན་དུ་གཡས་གཡོན་ཆ་འགྲིག་གིས་ཚིགས་མང་པོ་ན་བ་དང་མཇུག་ཏུ་དབྱིབས་འགྱུར་བ། ནད་འདི་བུད་མེད་ལ་མང་།
5. གྲུམ་བུའི་རང་བཞིན་གྱི་འཕང་ལོ་སྙི་འགྱུར། ནད་པ་མར་ཙོག་པ་དང་སྐས་རིམ་ནས་མར་བབས་པའམ་རྐང་པ་བརྐྱང་ནས་མར་རིམ་བཞིན་ཙོག་དུས་པུས་ཚིགས་ལྷག་ཏུ་ན་བ་དང་པུས་ཚིགས་ཀྱི་ན་ཟུག་ཇེ་སྡུག་ལ་སོང་ནས་ནད་འགྱུར་རྐང་གཅིག་གམ་གཉིས་ཀར་འབྱུང་ཞིང་། པུས་ཚིགས་འགུལ་དུས་རུས་བརྡར་བ་ཚོར་ཐུབ།
6.རེངས་གཤིས་སྒལ་ཚད། ནད་ཕོག་པའི་ཚིགས་ལ་རྐེད་ཚིགས་དང་ཚང་དཔྱི། དཔྱི་ཚིགས་དང་པུས་མོ་སོགས་དཀྱིལ་མདའི་ཚིགས་ཡོད་པ་དང་དེ་དང་མཉམ་དུ་སྐྲངས་པ་དང་ན་བའི་རྟགས་ཡོད། རྐེད་པ་འཕོང་དཔྱིའི་གནས་ན་བ། མཁལ་རྐེད་འགུལ་སྐྱོད་བྱས་རྗེས་གཟེར་བ་ནད་རྟགས་གཙོ་བོ་ཡིན་པ་དང་ན་གཞོན་བུད་མེད་ལས་སྐྱེས་པར་བྱུང་བ་མང་།
7.གྲུམ་བུའི་རང་བཞིན་གྱི་དྲེག་གི་ཚིགས་ནད། སྐྱེས་པ་དར་མ་ལ་མང་ཞིང་ནད་པའི་རྐང་པ་གཉིས་ཀྱིས་མཐེབ་ཚིགས་དང་ལོང་ཚིགས་ལ་འབྱུང་སླ། གཞན་པའི་ཚིགས་ལའང་འབྱུང་བ་དང་མངོན་ཚུལ་ནི་གློ་བུར་དུ་གནས་ཁག་དམར་པོར་སྐྲངས་པ་དང་གཟེར་བ། ཡང་སྐོར་བསྐྱར་སྐོར་གྱིས་བྱུང་ནས་པགས་པ་རྡོལ་བ། ནད་ཁག་ཅིག་རྣ་གཤོག་སྟེང་ལ་དོན་པ། གྲུ་མོ་དང་པུས་མོའི་ཚིགས་ལའང་དྲེག་རྡོའང་དྲེག་སྐྲན་འབྱུང་ངོ། དེ་ལས་གཞན་པ་འདུས་འདྲིལ་ཚིགས་ནད་དང་རྣག་འགྱུར་ཚིགས་ནད། རུས་པར་ཁྲག་ཟད་པའི་རུས་རྣགརྨས་སྐྱོན་ཚིགས་ནད། དལ་བའི་ཐུན་མིན་འདྲེད་སྐྱིའི་ཚ་ནད་སོགས་ཀྱིས་ཀྱང་ཚིགས་ལ་ན་ཟུག་འབྱུང་ངོ། མཇིང་པ་ན་བ་ནི་མཇིང་པའི་ནད་འགྱུར་ལས་བྱུང་པའང་ཡོད།