ཤིན་ཧྭ་གསར་འགྱུར་ཁང་དུ་པེ་ཅིང་ནས་ཟླ་9 ཚེས་21 ཉིན་གློག་འཕྲིན་འབྱོར་གསལ། པེ་ཅིང་བོད་ལུགས་སྨན་ཁང་དེ་གངས་ལྗོངས་ས་མཐོ་ནས་པེ་ཅིང་དུ་གཞིས་ཆགས་པའི་ལོ་17 རིང་བཅོས་དཀའི་ནད་སྣ་ཚོགས་ཕོག་མཁན་ཁྲི་100 ལྷག་ཙམ་ལ་སྨན་བཅོས་བྱས་ཡོད། སྔོན་ཆད་གངས་ལྗོངས་ས་མཐོ་ཁོ་ནར་རྒྱུན་འཛིན་པའི་བོད་ལུགས་གསོ་རིག་དང་བོད་སྨན་གྱིས་བོད་མིན་པའི་མི་རིགས་གཞན་དག་གི་ནད་པ་དེ་བས་མང་བར་ཕན་པ་ཐོབ་ཡོད།
ཚེས་21 ཉིན་གསར་འགོད་པར་པེ་ཅིང་བོད་ལུགས་སྨན་ཁང་ནས་ཤེས་རྟོགས་བྱུང་གསལ། ད་ཕན་ལོ་ཤས་རིང་རྒྱལ་ཁབ་ཀྱིས་བོད་ལུགས་གསོ་རིག་དང་བོད་སྨན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟབས “འཛམ་གླིང་གི་ཡང་རྩེའི ”བོད་ལུགས་གསོ་རིག་དང་བོད་སྨན་དེར་སྔར་བྱུང་མྱོང་མེད་པའི་གོང་འཕེལ་ཆེན་པོ་བྱུང་ཡོད། མིག་སྔར་རྒྱལ་ཁབ་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་པེ་ཅིང་བོད་ལུགས་སྨན་ཁང་གི་སྨན་བཅོས་དང་། ཚན་ཞིབ། སློབ་ཁྲིད། རྨང་གཞིའི་འཛུགས་སྐྲུན་སོགས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 1998 ལོ་ནས་བཟུང་ཀྲུང་དབྱང་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་གཅིག་ཙམ་བཏང་སྟེ་པེ་ཅིང་བོད་ལུགས་སྨན་ཁང་གསར་བསྐྲུན་ཐད་སྤྱད་ཡོད། 2002 ལོར་པེ་ཅིང་བོད་ལུགས་སྨན་ཁང་དེ་ཡུལ་གཞན་དུ་རྒྱས་སྐྲུན་བྱ་རྒྱུའི་ལས་འགན་ལེགས་གྲུབ་བྱུང་ཡོད། 2004 ལོར་པེ་ཅིང་བོད་ལུགས་སྨན་ཁང་ལ་རྒྱལ་ཁབ་རིམ་པ་གཉིས་པའི་སྨན་ཁང་གི་དཔྱད་ཞིབ་བྱས་པ་བརྒྱུད་པེ་ཅིང་གྲོང་ཁྱེར་གྱིས་སྨན་བཅོས་འགན་ལེན་གྱི་སྨན་ཁང་དུ་གཏན་འཁེལ་བྱས་ནས་ཀྲུང་དབྱང་མི་རིགས་སློབ་གླིང་གི་ནད་ཐོག་སྨན་བཅོས་ཀྱི་སློབ་ཁྲིད་སྨན་ཁང་དུ་གྱུར་ཡོད། 2005 ལོ་དང་2006 སྔ་རྗེས་སུ་ལོར་འཕྲོད་བསྟེན་པུའུ་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱི་སྨན་ཁང་གི་དོ་དམ་ལོ་དང “མི་དམངས་བློ་ཡིད་ཚིམ་པའི་སྨན་ཁང་གཏོད་རྒྱུའི ”དཔྱད་ཞིབ་བྱུང་ཡོད་པ་རེད། དེ་རྗེས་པེ་ཅིང་བོད་ལུགས་སྨན་ཁང་གི་སྙིང་ཀླད་ཁྲག་རྩའི་ནད་ཀྱི་ཆེད་བཅོས་ཚན་ཁག་དང་། གཅིན་པ་མངར་འགྱུར་ནད་ཀྱི་ཆེད་བཅོས་ཚན་ཁག མཆིན་ནད་ཆེད་བཅོས་ཚན་ཁག་བཅས་རྒྱལ་ཁབ་ཀྱི་ཆེད་བཅོས་ཚན་ཁག་གཙོ་བོ་དང་སྨན་བཅོས་ལས་ཁུངས་གཙོ་བོར་བརྩིས་ཡོད།
དེ་དང་ཕྱོགས་མཚུངས་པེ་ཅིང་བོད་ལུགས་སྨན་ཁང་གིས་ད་དུང་ཀྲུང་གོ་ཚན་རིག་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན་དང་མཉམ་འབྲེལ་ཐོག་བོད་སྨན་ཞིབ་བཟོའི་དེང་རབས་ཅན་གྱི་སྒྲིག་གཞི་བཙུགས་ཏེ་བོད་སྨན་གསར་པ་སྣ་ཁ་19 ཞིབ་བཟོ་བྱས་པ་དང་། རྩ་ཆེའི་བོད་སྨན་གྱི་ཚབ་བྱེད་སྨན་རྫས་ཚོད་ལྟ་བྱས་ནས་ཞིབ་བཟོ་བྱས་པ། སྟོངས་ཉེར་ཡོད་པའི་རྩ་ཆེའི་སྨན་རྫས་ཐོན་ཁུངས་ཀྱི་མཛོད་བཙུགས་པ་བཅས་བྱས་པ་མ་ཟད་ད་དུང་བོད་ལྗོངས་ཀྱི་ཉིང་ཁྲི་ས་ཁུལ་དུ་སྲོ་ལོ་དམར་པོ་སོགས་རྩ་ཆེའི་སྨན་རྫས་སྣ་ཁ་20 ལྷག་ཙམ་གྲུབ་འབྲས་ཐོན་པའི་ངང་འདེབས་གསོ་བྱས་པ་རེད།