འོད་སྟོང་འབར་བའི་བོད་ལུགས་གསོ་རིག་སློབ་གསོའི་ལོ་ངོ་ཉི་ཤུ་ལོའི་འཕུར་མཆོང་།
བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་བཙུགས་ནས་ལོ་ངོ་ཉི་ཤུའི་རིང་ཏང་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་དང་སྤྱི་ཚོགས་ལས་རིགས་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་ཀྱིས་སྔ་ཕྱི་བར་གསུམ་དུ “མི་དམངས་ཀྱི་འདོད་བློ་ཁེངས་པའི་བོད་ལུགས་གསོ་རིག་གི་མཐོ་རིམ་སློབ་གསོ་གཉེར་སྐྱོང་བྱ་རྒྱུ ”དེ་སློབ་གཉེར་གྱི་གཞི་རྩར་འཛིན་པ་དང་། “སུ་ཞིག་གི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་དང་། ཤེས་ལྡན་པ་ཇི་ལྟ་བུ་གསོ་སྐྱོང་བྱེད་པ། ཇི་ལྟར་བྱས་ཏེ་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས་པའི ”གནད་དོན་ལ་དམིགས་ཏེ་མ་ཁེ་སི་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། སྨན་པའི་ཀུན་སྤྱོད་སློབ་གསོ། སྤྱི་དམངས་ཀྱི་ཀུན་སྤྱོད་བྱང་ཚད་སློབ་གསོ་སོགས་ཧུར་ཐག་སྤེལ་ཏེ་བོད་ལུགས་གསོ་རིག་སློབ་ཆེན་གྱི་ཁྱད་ཆོས་ལྡན་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་ཐབས་ཤེས་ཤིག་ཆགས་ཡོད་པ་རེད། སློབ་ཁྲིད་སྒྱུར་བཅོས་བྱེད་པའི་བརྒྱུད་རིམ་ཁྲོད་བོད་ཀྱི་དམིགས་བསལ་ཁྱད་ཆོས་དང་སློབ་ཆེན་རང་ཉིད་ཀྱི་དོན་དངོས་ལ་གཞིགས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཙོ་བོར་བྱས་པའི་མ་ཁེ་སི་རིང་ལུགས་ཀྱི “ལྟ་བ་བཞི་དང་སྨྲ་བ་གཉིས ”ཀྱི་བསམ་བློ་ཆབ་སྲིད་ལས་དོན་ཧུར་ཐག་སྤེལ་ཏེ་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་མཐོ་བའི་བོད་ལུགས་གསོ་རིག་གི་མཐོ་རིམ་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་ཡོད་པ་རེད།
སྲོལ་རྒྱུན་དང་དམིགས་བསལ་ཁྱད་ཆོས་ལྡན་དགོས་པ་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་འཛུགས་སྐྱོང་དང་འཕེལ་རྒྱས་གཏོང་བའི་བླ་སྲོག་དང་རྨང་རྡོ་ལྟ་བུ་ཡིན། ལོ་ཉི་ཤུའི་རིང་སློབ་གྲྭས་སྔ་ཕྱི་བར་གསུམ་དུ་དམིགས་བསལ་ཁྱད་ཆོས་ལ་བརྟེན་ནས་སློབ་གཉེར་བྱེད་པ་དང་དམིགས་བསལ་ཁྱད་ཆོས་ལ་བརྟེན་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ་བོད་ལུགས་གསོ་རིག་གི་ཁྱད་ཆོས་དང་ལེགས་ཆ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཆ་རྐྱེན་འོག་དེང་རབས་ཀྱི་གསོ་རིག་མཐོ་རིམ་སློབ་གསོའི་ཆོས་ཉིད་དང་བསྟུན་ནས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་རང་ཉིད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སློབ་གཉེར་ལམ་བུ་ཞིག་འཚོལ་ཞིབ་ཐུབ་ནས་སྲོལ་རྒྱུན་དང་དེང་རབས་ཀྱི་སློབ་གསོ་ཟུང་དུ་འབྲེལ་བའི་སློབ་གཉེར་མ་ལག་ཞིག་ཆགས་པ་དང་། ཚད་ལྡན་མིན་པ་ནས་ཚད་ལྡན་དུ་འགྱུར་ཐུབ་པ་སྟེ། དེང་དུས་སློབ་གྲྭའི་སློབ་གཉེར་བྱེད་ཐབས་དང་། སློབ་གསོའི་དོ་དམ་སྒྲིག་གཞི། ལྷག་དོན་སློབ་ཁྲིད་ཚན་ཁག་དང་། ཆེད་ལས་འཛུགས་སྐྱོང་། སློབ་ཚན་མ་ལག་སྒྱུར་བཅོས། སློབ་དེབ་རྩོམ་སྒྲིག་སོགས་ཀྱི་ཐད་ལ་ཕན་ནུས་ལྡན་པའི་འཚོལ་ཞིབ་འབོར་ཆེན་བྱས་ཏེ་སླད་ཕྱིན་བོད་ལུགས་གསོ་རིག་གི་མཐོ་རིམ་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཟང་པོ་འདིང་ཐུབ་ཡོད།
སློབ་གྲྭས་སློབ་གཉེར་ཉམས་མྱོང་ལ་བརྟེན་ནས་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་གྱིས་དེང་རབས་བོད་ལུགས་གསོ་རིག་ཀྱི་མཐོ་རིམ་སློབ་གསོའི་མ་ལག་ཞིག་བཏོད་ཡོད། 1998ལོའི་སྔོན་དུ་སློབ་གྲྭས་བོད་ཀྱི་འཕྲོད་བསྟེན་བྱ་གཞག་གི་དོན་དངོས་ལ་གཞིགས་ནས་སྲོལ་རྒྱུན་གྱི་ཆེད་ལས་ཚན་ཁག་དབྱེ་སྲོལ་མེད་པ་ནས་བོད་ལུགས་གསོ་རིག་ཆེད་ལས་གཙོ་བོར་བྱས་པའི་བོད་སྨན་ཆེད་ལས་དང་། བོད་ལུགས་གསོ་རིག་སྨན་བཅོས་དང་བོད་ལུགས་གསོ་རིག་ནད་གཡོག་གཉིས་ཀ་ཤེས་ཐུབ་པའི་མཐོ་རིམ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཤིང་། དེ་རྗེས་རང་ལྗོངས་ཀྱི་བོད་ལུགས་གསོ་རིག་བྱ་གཞག་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས་སློབ་གྲྭས་ཆེད་ལས་གྲུབ་ཆ་ལེགས་སྒྲིག་བྱས་ཐོག་བོད་ལུགས་སྨན་བཅོས་དང་བོད་སྨན་གྱི་གཙོ་གནད་ཆེད་ལས་ཆེ་བ་ཁག་གཉིས་སུ་དབྱེ་བའི་རྨང་གཞིའི་སྟེང་བོད་ལུགས་སྨན་བཅོས་དང་། གནམ་རིག་སྐར་རྩིས། བོད་ལུགས་སྨན་བཅོས་ཀྱི་ནད་གཡོག་བཅས་ལ་དབྱེ་ནས་བོད་ལུགས་གསོ་རིག་ཚན་ཁག་དང་བཅས་པའི་བོད་སྨན་དང་བོད་སྨན་ཕྱིར་འཚོང་གཉིས་སུ་བྱས་པའི་བོད་སྨན་ཆེད་ལས་ཚན་ཁག་དབྱེ་འབྱེད་བྱས་པ་རེད། སློབ་གྲྭས་2007ལོའི་སློབ་གསོ་པུའུ་ཡི་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ཁ་གཏད་རོགས་སྐྱོར་གྱི “སྤུས་ཚད་ལས་གྲྭའི ”དགོངས་འཆར་ལག་བསྟར་བྱེད་པ་དང་བསྟུན་ནས་དམིགས་བསལ་ཆེད་ལས་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བོད་ལུགས་གསོ་རིག་ནི་རྒྱལ་ཁབ་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཆེད་ལས་འཛུགས་སྐྱོང་བྱེད་ཁོངས་སུ་འཇོག་པ་དང་བོད་སྨན་ནི་རང་ལྗོངས་ཀྱི་ཁྱད་ལྡན་ཆེད་ལས་འཛུགས་སྐྱོང་བྱེད་ཁོངས་ལ་བཞག་སྟབས་སློབ་གྲྭའི་ཆེད་ལས་འཛུགས་སྐྱོང་དེ་བས་ལུགས་མཐུན་བྱུང་ཡོད། སློབ་དེབ་རྩོམ་སྒྲིག་བྱ་རྒྱུ་དེ་ནི་སློབ་གསོ་སྒྱུར་བཅོས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་སྟབས་སློབ་ཁྲིད་སློབ་དེབ 《རྒྱུད་བཞི 》ཁོ་ན་ལས་མེད་པར་འགྱུར་ལྡོག་གཏོང་ཆེད་1990ལོར་རྒྱལ་ཡོངས་སུ་ཐོག་མ་ཡིན་པའི་བོད་ལུགས་གསོ་རིག་དངོས་གཞིའི་དེང་རབས་སློབ་གསོའི་ཆེད་སྤྱོད་སློབ་དེབ་ཆ་ཚང་ཁག་24རྩོམ་སྒྲིག་བྱས་པ་དང་། 1993ལོར་སླར་ཡང་རྒྱལ་ཡོངས་སུ་ཐོག་མ་ཡིན་པའི 《བོད་ལུགས་གསོ་རིག་ཆེད་ལས་དངོས་གཞིའི་སློབ་ཁྲིད་རྩ་འཛིན 》རྩོམ་སྒྲིག་བྱས་ནས་ལོ་རྒྱུས་ཀྱི་སྟོང་ཆ་ཁ་སྐོང་བྱུང་བ་རེད། 1997ལོར་དགེ་རྒན་ཆེ་མོ་ཁྲོ་རུ་ཚེ་རྣམ་མཆོག་གི་སྣེ་ཁྲིད་འོག་སློབ་གྲྭས་བོད་ལུགས་གསོ་རིག་ཀྱི་དབང་གྲགས་ལྡན་པའི་རྩ་འགྲེལ 《གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང 》རྩོམ་སྒྲིག་བྱས་པ་དང་། 2004ལོར་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱི “དུས་རབས་ཉེར་གཅིག་པའི་བོད་ལུགས་གསོ་རིག་ཆེད་ལས་དངོས་ཚན་འཆར་འགོད ”ཀྱི་རྣམ་གྲངས་ནང་ནས་སློབ་དེབ་11གི་རྩོམ་སྒྲིག་ལས་འགན་འཁུར་ཏེ་2004ལོར་རྒྱལ་ཡོངས་སུ་ཐོག་མ་ཡིན་པའི་བོད་ལུགས་གསོ་རིག་ཆེད་ལས་ཀྱི་དངོས་གཞིའི་སློབ་དེབ་རྩོམ་སྒྲིག་བྱས། 2007ལོར་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས “དུས་རབས་ཉེར་གཅིག ”པའི་བོད་ལུགས་སྨན་རིག་དངོས་ཚན་སློབ་གསོའི་འཆར་འགོད་སློབ་དེབ་རྩོམ་སྒྲིག་བྱས་པ་རེད།
དེང་རབས་ཅན་གྱི་སློབ་གསོ་སྒྱུར་བཅོས་བྱེད་པའི་བརྒྱུད་རིམ་ནང་སློབ་གྲྭས་ཁྱད་ལྡན་རིགས་གཞུང་ཚན་ཁག་བཏོད་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱས་ཐོག་མིག་སྔར་རྒྱལ་ཁབ་ཀྲུང་དབྱིའི་གསོ་རིག་དོ་དམ་ཅུས་ཀྱི་གཙོ་གནད་ཚན་ཁག་བོད་ལུགས་སྨན་རྫས་རིག་པ་དང་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཚན་ཁག་སྟེ་མི་རིགས་ཀྱི་གསོ་བ་རིག་པ་(བོད་ལུགས་གསོ་རིག་གི་རྨང་གཞིའི་རིགས་པའི་གཞུང་ལུགས )དང་། ཀྲུང་ལུགས་སྨན་རྫས་རིག་པ (བོད་ལུགས་སྨན་རྫས་རིག་པ )བཅས་སུ་དབྱེ་ཡོད། ལྗོངས་རིམ་པའི་རྩེར་སོན་སློབ་ཚན་བོད་ལུགས་ཀྱི་གྲུབ་པ་ལུས་དང་། ཁོག་ནད་རིག་པ། དཔྱད་བཅོས་རིག་པ། མཚོན་རྨ་གསོ་ཐབས། སྦྱོར་བ་སྨན། སྐྱེ་དངོས་སྨན་རྫས་རིག་པ། གནམ་རིག་སྐར་རྩིས་བཅས་ཁག་བདུན་དབྱེ་ཡོད། དེ་དང་ཆབས་ཅིག་སློབ་གྲྭས་རྒྱལ་ཁབ་ཀྲུང་དབྱེའི་གསོ་རིག་དོ་དམ་ཅུས་ཀྱི “དུས་རབས་ཉེར་གཅིག་ལ་ཁ་ཕྱོགས་པའི་བོད་ལུགས་གསོ་རིག་དངོས་གཞིའི་ཆེད་ལས་ཀྱི་སློབ་ཁྲིད་ནང་དོན་དང་སློབ་ཚན་མ་ལག་སྒྱུར་བཅོས་ཞིབ་འཇུག་གི ”རྣམ་གྲངས་དང་། རང་སྐྱོང་ལྗོངས་ཀྱི “བོད་ལུགས་གསོ་རིག་དངོས་གཞིའི་སློབ་ཁྲིད་ནང་དོན་དང་སློབ་ཚན་མ་ལག་སྒྱུར་བཅོས་ཞིབ་འཇུག་བྱེད་པའི ”རྣམ་གྲངས་འགན་འཁུར་ནས་བོད་ལུགས་གསོ་རིག་ཀྱི་རིག་གཞུང་ཚན་ཁག་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།
སློབ་ཁྲིད་བྱེད་ཐབས་ཐད་ཪྙིགས་དོར་བཅུད་ལེན་གྱིས་སྨན་གཞུང་སྙིང་དོན་ངག་ལ་འཛིན་པ་དང་། སྨན་ངོ་ངོས་འཛིན། དགེ་སློབ་རྒྱུད་འཛིན་བྱེད་པ་སོགས་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པའི་སློབ་ཁྲིད་བྱེད་ཐབས་རྒྱུད་འཛིན་བྱས་ཁར་དེང་རབས་སློབ་ཁྲིད་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་པ་སྟེ། བློ་སྒོ་འབྱེད་ཐབས་དང་། གྲོས་མོལ་བྱེད་ཐབས། དཔེ་མཚོན་དབྱེ་ཐབས། འཆད་ཁྲིད། བརྟག་དཔྱད་ཞིབ་འཇུག སློབ་ཁྲིད་འགྲན་བསྡུར་བྱེད་སྒོ་སྤེལ་བ། སྣེ་མང་སྨྱན་སྦྱོར་དང་དྲ་སྦྲེལ་ལག་རྩལ་སོགས་སློབ་ཁྲིད་བྱེད་ཐབས་སྣ་མང་སྤྱད་པས་སློབ་མའི་རང་འགུལ་དང་ཧུར་སེམས་ལ་སྐུལ་འདེད་གང་ལེགས་བྱུང་ཡོད། ལག་ལེན་དངོས་ཀྱི་སློབ་ཁྲིད་ནི་སློབ་མའི་བེད་སྤྱོད་ནུས་པ་དང་ལག་པ་སྒུལ་བའི་ནུས་པ་སྦྱོང་བརྡར་སྤྲོས་པའི་གནད་འགག་རང་བཞིན་གྱི་སློབ་ཁྲིད་བྱེད་ཐབས་ཤིག་ཡིན་པས་སྲོལ་རྒྱུན་དང་དེང་རབས་ཟུང་དུ་འབྲེལ་བའི་ཚོད་ལྟ་ཁང་འཛུགས་རྒྱུར་མཐོང་ཆེན་བྱས་ཐོག་ད་ཆ་བོད་སྨན་གསར་བཟོ་ཞིབ་འཇུག་ཚོད་ལྟ་ཁང་དང་། བོད་ལུགས་གསོ་རིག་ནད་ཐོག་ཚོད་ལྟ་ཁང་། སྔོ་སྨན་འདེབས་འཛུགས་ཚོད་ལྟ་ཁང་། ཐལ་བསྲེགས་ཚོད་ལྟ་ཁང་བཅས་ཀྲུང་དབྱང་དང་ས་གནས་ཀྱིས་རྒྱབ་སྐྱོར་བྱས་ཏེ་ཐུན་མོང་ཐོག་བསྐྲུན་པའི་ཚོད་ལྟ་ཁང་ཁག་4ཡོད་པ་རེད།
སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གསོ་ནི་འགོ་འཛུགས་འགོར་བ་དང་གཞི་ཁྱོན་ཆུང་རུང་རང་རྒྱལ་གྱི་བོད་ལུགས་གསོ་རིག་རིམ་པ་མཐོ་བ་དང་ཆུ་ཚད་མཐོ་བའི་སློབ་གསོའི་ངོས་ནས་བརྗོད་ན་དོན་སྙིང་ཆེན་པོ་ལྡན་ཡོད། 1998ལོར་བོད་ལུགས་གསོ་རིག་སློབ་ཆེན་ལ་མི་རིགས་གསོ་བ་རིག་པའི་བོད་ལུགས་གསོ་རིག་ཆེད་ལས་ཀྱི་རབ་འབྱམས་གོ་མིང་སྤྲོད་དབང་ཐོབ་པ་དང་། 1999ལོར་བོད་ལུགས་གསོ་རིག་རབ་འབྱམས་ཞིབ་འཇུག་སློབ་མ་ཐེངས་དང་པོ་གསོ་སྐྱོང་བྱེད་འགོ་བརྩམས། 2004ལོར་པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་དང་མཉམ་འབྲེལ་ཐོག་བོད་ལུགས་གསོ་རིག་གི་འབུམ་རམས་སློབ་མ་གསོ་སྐྱོང་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་ཏེ་བོད་ལུགས་གསོ་རིག་གི་ཞིབ་འཇུག་སློབ་མའི་སློབ་གསོའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་ཐུབ། མིག་སྔར་འབུམ་རམས་སློབ་མའི་མཛུབ་ཁྲིད་དགེ་རྒན་3དང་། རབ་འབྱམས་སློབ་མའི་མཛུབ་ཁྲིད་དགེ་རྒན་27 མཛུབ་ཁྲིད་ཚོགས་ཆུང་གི་ཁོངས་མི་10བཅས་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་སློབ་གསོ་པུའུ་དང་རང་སྐྱོང་ལྗོངས་འབྲེལ་ཡོད་འགོ་ཁྲིད་ཀྱི་ཚད་མཐོའི་མཐོང་ཆེན་དང་མཛའ་བརྩེའི་ཐུགས་ཁུར་འོག་བོད་ལུགས་གསོ་རིག་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སློབ་གསོ་མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེ་བའི་བར་འཕེལ་རྒྱས་བྱུང་ཞིང་། བསམ་བློ་འཛུགས་སྐྱོང་དང་། ལམ་ལུགས་དོ་དམ། སློབ་ཁྲིད་བྱེད་སྟངས། སློབ་ཁྲིད་ཀྱི་སྤུས་ཚད་སོགས་གང་ས་ཅི་ཐད་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། 2009ལོ་བར་བོད་ལུགས་གསོ་རིག་སློབ་ཆེན་གྱིས་ཁྱོན་མི་རིགས་གསོ་བ་རིག་པའི་བོད་ལུགས་གསོ་རིག་གི་རབ་འབྱམས་ཞིབ་འཇུག་སློབ་མ་64དང་འབུམ་རམས་ཞིབ་འཇུག་སློབ་མ་2གསོ་སྐྱོང་བྱས་ཡོད་པ་རེད།
1989ལོར་སློབ་གྲྭ་ཐོག་མར་བཙུགས་པའི་སྐབས་སུ་དགེ་རྒན་25ཙམ་ལས་མེད་པའི་ནང་སློབ་ཆེན་ཆེད་ལས་སློབ་མ་3ལས་མེད་པས་བོད་ལུགས་གསོ་རིག་གི་མཐོ་རིམ་སློབ་གསོ་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་ཡེ་ནས་མི་མཚུངས་། དགེ་རྒན་གྱི་དཔུང་ཁག་ལ་ཤུགས་སྣོན་རྒྱག་ཆེད་སློབ་གྲྭས་ནང་ཁུལ་དུ་གསོ་སྐྱོང་དང་ཕྱི་ནས་གདན་འདྲེན་པའི་བྱེད་ཐབས་སྤྱད་དེ་བགྲང་བྱ་ཉི་ཤུའི་འབད་པ་ལྷོད་མེད་བྱས་པ་བརྒྱུད་དགེ་རྒན་དཔུང་ཁག་གི་གྲངས་ཚད་དང་སྤུས་ཚད་གཉིས་ཀ་གོང་མཐོར་ཕྱིན་ཡོད་། མིག་སྔར་སློབ་གྲྭར་ཆེད་བཀོད་དགེ་རྒན་90ཡོད་པ་དེའི་ནང་དགེ་རྒན་ཆེ་མོ་བའི་གོ་མིང་ལྡན་པ་མི་གྲངས་20ཡོད་པ་དང་། འབྲིང་རིམ་དགེ་རྒན་གྱི་གོ་མིང་ཡོད་པ་མི་གྲངས་31 རབ་འབྱམས་སློབ་གནས་ཐོབ་པ་མི་གྲངས་27 འབུམ་རམས་སློབ་གནས་ཐོབ་པ་4བཅས་དང་། ལྗོངས (ཞིང་ཆེན )རིམ་པའི་རིག་གཞུང་སྣེ་ཁྲིད་མི་སྣ་3དང་། རྒྱལ་ཁབ་དང་ལྗོངས་རིམ་པའི་ཕུལ་བྱུང་དགེ་རྒན་9 རྒྱལ་ཡོངས་བོད་ལུགས་གསོ་རིག་རབ་འབྱམས་སྨན་པའི་ཐོབ་ཐང་ཡིག་རྒྱུགས་འདྲི་གཞི་འདོན་མཁན་རིགས་གཅིག་མཁས་དབང་གཙོ་བོ་1རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱི་སྨན་རྫས་ཞིབ་དཔྱད་རིགས་གཅིག་མཁས་དབང་2 རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་སྲུང་སྐྱོང་གི་ཤུལ་འཛིན་པ་5 རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་རྟགས་མ་ཐོབ་མཁན་1 རྒྱལ་ཡོངས་ཀྱི་ཀུན་སྤྱོད་བཟང་བའི་དགེ་རྒན་གྱི་མིག་དཔེ་1ཡོད་པ་སོགས་ད་ཆ་སྟོབས་ཤུགས་ལྡན་པའི་དགེ་རྒན་གྱི་དཔུང་ཁག་ཡོད་པ་རེད།
འདི་ནི་བོད་ལུགས་གསོ་རིག་སློབ་ཆེན་གྱི་ཡོན་ཀྲང་དང་དགེ་རྒན་ཆེ་མོ་བ་ཉི་མ་ཚེ་རིང་གིས་སློབ་ཐོན་སློབ་མར་སློབ་ཐོན་ལག་ཁྱེར་སྤྲོད་བཞིན་པ།
འདི་ནི་སློབ་གྲྭ་དེའི་ཆེད་ལས་དགེ་རྒན་གྱིས་སློབ་མར་བོད་ལུགས་གསོ་རིག་གི་ཁྱད་ཆོས་མངོན་གསལ་ཆེ་བའི་སྨན་ཐང་འཆད་ཁྲིད་བྱེད་བཞིན་པ།
འདི་ནི་སློབ་མ་ཚོར་སྨན་སྦྱོར་ལག་རྩལ་དམར་འཁྲིད་བྱེད་བཞིན་ཡོད་པ།
འདི་ནི་སློབ་མ་ཚོས་སྨན་ངོ་ངོས་འཛིན་གྱི་འགྲན་བསྡུར་སྤེལ་བཞིན་ཡོད་པ།
བོད་ལུགས་གསོ་བ་རིག་པ་རྒྱུན་འཛིན་དང་གོང་སྤེལ་གཏོང་བའི་རྟེན་གཞི་གལ་ཆེན་ཞིག་ཡིན་པའི་བོད་ལུགས་གསོ་རིག་སློབ་ཆེན་བོད་སྨན་བཟོ་གྲྭ་ནི་1995ལོར་དངོས་སུ་བཙུགས་པ་དང་། མིག་སྔར་རྒྱལ་ཁབ་ཀྱི་ཐོན་སྐྱེད་ཆོག་མཆན་ཐོབ་པའི་སྨན་རིགས་སྣེ་གྲངས་24དང་། དེ་མིན་གྱི་བོད་སྨན་རིགས་60ལྷག་ཙམ་སྨན་སྦྱོར་བྱེད་ཐུབ་ཀྱི་ཡོད། འདི་ནི་བོད་ལུགས་གསོ་རིག་སློབ་ཆེན་བོད་སྨན་བཟོ་གྲྭས་ཐོན་སྐྱེད་བྱས་པའི་ཐོན་ཟོག་ཁག་གཅིག་ཡིན་པ་དང་།
འདི་ནི་བོད་ལུགས་གསོ་རིག་སློབ་ཆེན་གྱིས་རྩོམ་སྒྲིག་བྱས་པའི་རྒྱལ་ཁབ་ཀྱི་དུས་རབས་ཉེར་གཅིག་པའི་བོད་ལུགས་གསོ་རིག་དངོས་ཚན་སློབ་གསོའི་འཆར་འགོད་སློབ་དེབ་ཨང་དང་པོ་དེ་དག་ཡིན་པ།
འགན་འཁུར་རྩོམ་སྒྲིག་པ། admin
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣