དབུ་ཤོག>བོད་ལུགས་གསོ་རིག
  • འོད་སྟོང་འབར་བའི་བོད་ལུགས་གསོ་རིག་སློབ་གསོའི་ལོ་ངོ་ཉི་ཤུ་ལོའི་འཕུར་མཆོང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-07

        རེ་བས་ཁེངས་པའི་གསོ་རིག་གི་ཞིང་ས་ཆེ་མོ།

        བོད་ལུགས་གསོ་བ་རིག་པ་ནི་མེས་རྒྱལ་གསོ་རིག་བང་མཛོད་ནང་གི་རིན་ཐང་གཞལ་དུ་མེད་ཅིང་། འོད་སྟོང་རབ་ཏུ་འཕྲོ་བའི་ནོར་བུ་མེད་དུ་མི་རུང་བ་ཞིག་ཡིན། གསོ་རིག་དེ་ནི་བོད་ས་མཐོའི་ཐོག་བྱུང་བའི་མེས་པོ་བགྲང་དུ་མེད་པ་དེ་དག་གིས་འཚོ་གནས་རྒྱུད་སྤེལ་བྱེད་པའི་ལོ་རྒྱུས་རིང་པོའི་ནང་ནད་རིགས་སྣ་ཚོགས་ལ་འཐབ་རྩོད་བྱེད་པའི་ལག་ལེན་དངོས་ཀྱི་ཁྲོད་རིམ་བཞིན་གསར་གཏོད་བྱས་ཤིང་། ཉེ་འཁོར་ཡུལ་གྲུ་གཞན་གྱི་གསོ་རིག་ལ་ཡང་སློབ་སྦྱོང་དང་། དེ་དག་གི་ལེགས་ཆ་བསྡུ་ལེན་གང་ལེགས་བྱས་ཏེ་འཕེལ་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་རིམ་བཞིན་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆ་ཚང་ཞིང་། སྨན་དཔྱད་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ། ནད་གཞི་འགོག་བཅོས་ཀྱི་ཕན་ནུས་མངོན་གསལ་དོད་པ། རང་མི་རིགས་ཀྱི་ཐུན་མིན་ཁྱད་ཆོས་དུ་མས་མངོན་པར་ཕྱུག་པའི་གསོ་དཔྱད་སྨན་གྱི་རིག་པ་འདི་ཉིད་གསར་གཏོད་བྱས་པ་ཞིག་ཡིན། བོད་ལ་ཞི་བའི་བཅིངས་འགྲོལ་ཐོབ་པ་དང་ལྷག་པར་དུ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བོད་ཀྱི་སྲོལ་རྒྱུན་གསོ་བ་རིག་པ་དེ་ཉིད་མི་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་ཡོང་ཆེད་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་ཁྲིད་སྟོན་དང་བླ་ན་མེད་པའི་ཐུགས་ཁུར་འོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྲིད་འཛིན་དོ་དམ་ཚན་པ། དེ་བཞིན་སྤུན་ཟླའི་ཞིང་ཆེན་ཁག་སོགས་རིམ་པ་གོང་འོག་ཚང་མའི་ཤུགས་ཆེའི་རྒྱབ་སྐྱོར་ཐོབ། དུས་དེ་ནས་བཟུང་བོད་ལུགས་གསོ་བ་རིག་པའི་སློབ་གསོ་དང་། སྨན་བཅོས་ལག་རྩལ། ཚན་རིག་ཞིབ་འཇུག སྨན་རིགས་ཐོན་སྐྱེད་སོགས་ཕྱོགས་གང་ཅིའི་ཐད་ཆར་རྗེས་ཀྱི་མྱུ་གུ་རྒྱས་པ་ལྟ་བུའི་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་ཞིག་ཐོན་ཡོད། ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཏང་དང་རྒྱལ་ཁབ་ཀྱིས་ཆེད་དངུལ་ཕོན་ཆེན་བཏང་སྟེ་བོད་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་དང་། ནད་ཐོག་ལག་ལེན་དངོས་ཀྱི་ནུས་རྩལ་རྣམས་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཕན་འབྲས་ཆེན་པོ་ཐོན་ཏེ་བྱ་གཞག་དེ་སྒོ་ཀུན་ནས་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་ཐུབ་ཡོད།

        འདིར་སྐབས་སུ་བབ་པའི་གླེང་བྱ་དངོས་ནི་བོད་ལུགས་གསོ་རིག་སློབ་གསོའི་ལྟེ་གནས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་བྱུང་རིམ་དང་འཕེལ་རྒྱས་ཀྱི་གནས་ཚུལ་རགས་བསྡུས་ཙམ་ཞུ་བ་ལ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ནི་1983ལོར་བཙུགས་པའི་བོད་རང་སྐྱོང་ལྗོངས་བོད་སྨན་འབྲིང་རིམ་ཆེད་ལས་སློབ་གྲྭ་དང་། 1985ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་བཙུགས་པའི་བོད་ལུགས་གསོ་རིག་ཚན་ཁག་གཉིས་ཀྱི་རྨང་གཞིའི་ཐོག་1989ལོར་དངོས་སུ་བཙུགས་པ་དང་། སྐབས་དེར་བོད་ལྗོངས་སློབ་གྲྭ་ཆེ་མོའི་ཁོངས་སུ་གཏོགས། 1993ལོར་དེ་སྔའི་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དེ་སྒྲིག་གཞི་ཁེར་རྐྱང་དུ་འཛུགས་རྒྱུའི་ཆོག་མཆན་ཐོབ་སྟེ་སྲོལ་རྒྱུན་བོད་ལུགས་གསོ་རིག་གི་སློབ་གསོ་དེ་རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གསོའི་གཅིག་གྱུར་སྒྲིག་གཞིའི་ཁོངས་སུ་གཏོགས་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཀོད། དེ་རྗེས་སློབ་གྲྭ་དེར་1998ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གནས་གོ་མིང་ཨུ་ཡོན་ལྷན་ཁང་གིས་བོད་ལུགས་གསོ་རིག་གི་རབ་འབྱམས་ཞིབ་འཇུག་སློབ་གནས་སྤྲོད་ཆོག་པའི་ཚན་པར་ཆོག་མཆན་གནང་། 2004ལོར་རྒྱལ་ཁབ་སློབ་གསོ་པུས་པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་དང་མཉམ་འབྲེལ་ཐོག་བོད་ལུགས་གསོ་རིག་གི་འབུམ་རམས་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱས་ཆོག་པའི་ཆོག་མཆན་ཐོབ་སྟེ་ད་ལྟ་རབ་འབྱམས་པ་དང་འབུམ་རམ་ཞིབ་འཇུག་སློབ་མ་བརྒྱ་ལྷག་ཙམ་གསོ་སྐྱོང་བྱས་དང་བྱེད་བཞིན་པ་ཡིན། བོད་ལུགས་གསོ་རིག་སློབ་ཆེན་བཙུགས་ནས་བགྲང་བྱ་ཉི་ཤུའི་རིང་ཏང་དང་སྲིད་གཞུང་གི་མཛའ་བརྩེའི་ཐུགས་ཁུར་དང་། སྤྱི་ཚོགས་ལས་རིགས་ཁག་དང་དེ་བཞིན་སྤུན་ཟླའི་སློབ་ཆེན་བཅས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག བོད་ལུགས་གསོ་རིག་སློབ་ཆེན་གྱི་རིམ་བྱོན་དབུ་ཁྲིད་རྣམས་དང་། རྒྱ་ཆེའི་དགེ་སློབ་ལས་བཟོ་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་ཀྱིས་དཀའ་སྤྱད་འབད་བརྩོན་དང་། ཕྱར་བ་གྲུ་འདེགས། རྒྱ་བསྐྱེད་གསར་གཏོད་བཅས་གནང་སྟེ་སྔ་ཕྱི་བར་གསུམ་དུ “མི་དམངས་ཀྱི་འདོད་བློ་ཁེངས་པའི་བོད་ལུགས་གསོ་རིག་གི་མཐོ་རིམ་སློབ་གསོ་གཉེར་སྐྱོང་བྱ་རྒྱུ ”དེ་སློབ་གཉེར་གྱི་གཞི་རྩར་འཛིན་པ་དང་། མེས་པོའི་ཕྱག་ལེན་རྒྱུད་འཛིན་དང་རྒྱ་བསྐྱེད་གསར་གཏོད་ཕོད་པའི་སློབ་གཉེར་གྱི་བསམ་པའི་སྐུལ་སློང་བཟང་པོ་རྒྱུན་འཁྱོངས་བྱེད་པ། དེ་བཞིན “རང་གཤིས་བཟང་ཞིང་སློབ་ལ་བརྩོན་པ། ཉམས་ལེན་ཐུབ་ཅིང་འགྲོ་ལ་ཕན་པ ”བཅས་སློབ་གྲྭའི་བསླབ་བྱར་བཟུང་ནས་བོད་ལུགས་གསོ་རིག་གི་དུས་རབས་གསར་པའི་སྤྱོད་ཡོན་གཉིས་ལྡན་གྱི་རྗེས་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་པ། ལྷག་དོན་དུ་བོད་ལུགས་གསོ་རིག་གི་སློབ་གསོ་གཙོ་བོར་བཟུང་ཐོག་སློབ་ཁྲིད་དང་ཚན་རྩལ་ཞིབ་འཇུག ཐོན་སྐྱེད་བཅས་གཞི་གཅིག་ཏུ་འབྲེལ་བའི་སློབ་གཉེར་གྱི་ལམ་བུ་གཏོད་རྒྱུ་སོགས་ཀྱི་ལས་དོན་ལ་དམ་འཛིན་དང་བརྩོན་གཉེར་ལྷོད་མེད་བྱས་པས་མིག་སྔར་བོད་ལུགས་གསོ་རིག་སློབ་ཆེན་དེ་ཉིད་དམིགས་བསལ་ཁྱད་ཆོས་ལྡན་ལ་དགེ་མཚན་མངོན་གསལ་དོད་པའི་བོད་ལུགས་གསོ་རིག་གི་ཤེས་ལྡན་པ་གསོ་སྐྱོང་བྱ་ཡུལ་ཞིག་ཏུ་གྱུར་ཡོད།

        བགྲང་བྱ་ཉི་ཤུའི་རིང་། སློབ་གྲྭ་དེ་ནས་སློབ་གནས་མཐོ་དམན་མི་འདྲ་བའི་སློབ་མ་མི་གྲངས་2400ལྷག་ཙམ་སློབ་གྲྭ་ཐོན་ནས་རྒྱལ་ཡོངས་ཀྱི་ས་གནས་གང་སར་ཁྱབ་པ་དང་། ད་ལྟ་སློབ་གྲྭར་བཞུགས་མུས་ཀྱི་སློབ་མ་མི་གྲངས་1500ལྷག་ཙམ་ཡོད་པ། ཚན་རྩལ་ཞིབ་འཇུག་ལའང་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཡོད་པ་སྟེ། དཔེར་ན་ཉེ་བའི་ལོ་ཤས་རིང་སྔ་རྗེས་སུ་རྒྱལ་ཁབ་རིམ་པའི་རྣམ་གྲངས་ཆེ་མོ “863”དང་“973”དེ་བཞིན་རང་བྱུང་ཚན་རིག་ཐེབས་རྩ་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཙོ་གནད་ཚན་ཞིབ་རྣམ་གྲངས་20ལྷག་འགན་ལེན་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད། དེ་དག་ནི་བོད་ཀྱི་གསོ་བ་རིག་པའི་བྱ་གཞག་ཧྲིལ་པོའི་སྐྱེད་མོས་ཚལ་དུ་བོད་ལུགས་གསོ་རིག་གི་མཐོ་རིམ་སློབ་གསོའི་གཡུར་དུ་ཟ་བའི་ཤེས་ལྡན་མི་སྣའི་འབྲས་བཟང་གི་མེ་ཏོག་ཅི་དགར་བཞད་ཅིང་། སྒྱུར་བཅོས་སྒོ་དབྱེའི་བདུད་རྩིའི་རྒྱུན་གྱིས་བརླན་པར་གྱུར་ཏེ། དེང་དུས་དང་འཚམས་པའི་མཐོ་རིམ་སློབ་གསོ་དེ་མེད་པ་ནས་ཡོད་པ་དང་། གཞི་རྒྱ་ཆུང་བ་ནས་ཆེ་བར་གོང་འཕེལ་བྱུང་ཞིང་། སློབ་ཁྲིད་ཀྱི་ཆ་རྐྱེན་ཡང་རིམ་བཞིན་འཐུས་ཚང་དང་ལེགས་བཅོས་བྱུང་བ། སློབ་ཁྲིད་ཀྱི་ཐབས་ལམ་དང་སློབ་ཁྲིད་ཀྱི་ཕན་འབྲས་ཀྱང་ལེགས་བསྒྱུར་གང་ལེགས་བྱུང་སྟེ་སློབ་གཉེར་གྱི་གཞི་ཁྱོན་དང་སྤུས་ཚད་གང་ཅིར་འཕོ་འགྱུར་ཆེན་པོ་བྱུང་བ་ནི་མི་རིགས་གསོ་རིག་གོང་འཕེལ་བྱུང་བའི་སྤོབས་པ་ཞིག་ཏུ་གྱུར། ད་ཆ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ལ་ས་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་82133ཙམ་ཡོད་པ་དང་། སློབ་ཁྲིད་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་50127.37ཡོད་པ། ད་དུང་སྲོལ་རྒྱུན་དང་དེང་རབས་ཟུང་དུ་འབྲེལ་བའི་ཚོད་ལྟ་ཁང་དང་། བོད་ཀྱི་གསོ་རིག་གཞུང་ལུགས་གསར་ཪྙིང་ཆ་ཚང་བའི་དཔེ་མཛོད་དྲ་འབྲེལ་ལྟེ་གནས། ཁྱད་ཆོས་མངོན་གསལ་དོད་པའི་གསོ་རིག་དང་གནམ་རིག་སྐར་རྩིས་ཀྱི་དངོས་མང་བཤམས་མཛོད་ཁང་། དེ་བཞིན་སློབ་ཆེན་མངའ་ཁོངས་ཀྱི་བོད་ལུགས་སྨན་ཁང་དང་བོད་སྨན་བཟོ་གྲྭ་སོགས་སློབ་ཁྲིད་ཁོར་ཡུག་དང་སྒྲིག་ཆས་ཆ་ཚང་ལ་སྲོལ་རྒྱུན་རིག་གནས་ཀྱི་འབྲས་བུས་རབ་ཏུ་ཕྱུག་པའི་སློབ་ཆེན་ཞིག་ཏུ་གྱུར་ཡོད།

        མིག་སྔར་སློབ་གྲྭར་ཆེད་བཀོད་དགེ་རྒན་90ཡོད་པ་དེའི་ནང་དགེ་རྒན་ཆེ་མོ་བའི་གོ་མིང་ལྡན་པ་མི་གྲངས་20ཡོད་པ་དང་། འབྲིང་རིམ་དགེ་རྒན་གྱི་གོ་མིང་ཡོད་པ་མི་གྲངས་31 རབ་འབྱམས་སློབ་གནས་ཐོབ་པ་མི་གྲངས་27 འབུམ་རམས་སློབ་གནས་ཐོབ་པ་4བཅས་དང་། ལྗོངས་(ཞིང་ཆེན )རིམ་པའི་རིག་གཞུང་སྣེ་ཁྲིད་མི་སྣ་3དང་། རྒྱལ་ཁབ་དང་ལྗོངས་རིམ་པའི་ཕུལ་བྱུང་དགེ་རྒན་9ཡོད་པ་སོགས་སྟོབས་ཤུགས་ལྡན་པའི་དགེ་རྒན་གྱི་དཔུང་ཁག་ཀྱང་གྲུབ་ཡོད་པ་རེད། མདོར་ན་སློབ་ཆེན་དེའི་དགེ་སློབ་ལས་བཟོ་ཡོངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་འབད་པ་ལྷུར་ལེན་དང་དཀའ་སྤྱད་འབད་བརྩོན། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་ཁ་ཕྱོགས་རྒྱུན་འཁྱོངས་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལུགས་གསོ་བ་རིག་པའི་ཚད་ལྡན་གྱི་འཛུགས་སྐྲུན་པ་དང་། བློས་འགེལ་ཆོག་པའི་རྒྱུན་འཛིན་པ་གང་མང་གསོ་སྐྱོང་བྱེད་བཞིན་པ་ལགས་སོ།

        ཚན་རྩལ་མེ་ཏོག་གིས་རབ་ཏུ་བརྒྱན་པའི་སྐྱེད་མོས་ཚལ།

        བོད་ལྗོངས་གསོ་རིག་སློབ་ཆེན་གྱིས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུའི་བརྗོད་གཞི་གཙོ་བོར་དམིགས་ཏེ་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཚན་རྩལ་ཞིབ་འཇུག་ལ་མཐོང་ཆེན་བྱས་ཏེ་ཉེ་བའི་ལོ་ཤས་ནང་སློབ་ཆེན་གྱི་ཚན་རྩལ་ཞིབ་འཇུག་ཁང་སྐྲུན་པ་དང་དེ་བཞིན་ལེ་ལག་ཅུང་ཆ་ཚང་བའི་ཚན་རྩལ་ཞིབ་འཇུག་སྒྲིག་གཞི་ཡང་བཟོས་ནས་དགེ་སློབ་རྣམས་ཀྱི་ཚན་རྩལ་འདུ་ཤེས་དང་སློབ་ཁྲིད་ཀྱི་བྱང་ཚད་གོང་མཐོར་གཏོང་རྒྱུར་དགེ་མཚན་ལྡན་པའི་ཆ་རྐྱེན་སྐྲུན་ཡོད་པ་རེད།

        སློབ་གྲྭས་སྔ་རྗེས་སུ་རྒྱལ་ཁབ་སློབ་གསོ་པུའུ་དང་། ཚན་རྩལ་པུའུ། རྒྱལ་ཁབ་ཀྲུང་དབྱིའི་སྨན་རྫས་དོ་དམ་ཅུས། རང་བྱུང་ཐེབས་རྩ་སོགས་རྒྱལ་ཁབ་རིམ་པ་དང་ལྗོངས་རིམ་པའི་རྣམ་གྲངས་20ལྷག་ཙམ་འགན་ལེན་བྱས་ཤིང་། 1998ལོར་རྒྱལ་ཁབ་ཚན་རྩལ་པུའི་དཔལ་འབར་འཆར་གཞིའི་རྣམ་གྲངས་ཏེ་མཆིན་ནད་ཁ་པའི་སྨན་གསར་དང་དམིགས་བསལ་གྱི་སྨན “206”དང་“209”ཞིབ་འཇུག་གསར་སྤེལ་བྱས་པ་དང་། 2004ལོར་ཚན་རྩལ་པུའི་རྣམ་གྲངས་863 བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི “གསོ་རླུང་མི་འདང་བ་འགོག་པའི་བོད་སྨན་ཐོན་ཟོག་གསར་པ་ཞིབ་འཇུག་གསར་སྤེལ ”སོགས་ཀྱི་རྣམ་གྲངས་འགན་ལེན་བྱས། 2005ལོར་རྒྱལ་ཁབ་ཚན་རྩལ་པུའི་རྣམ་གྲངས་973རྣམ་གྲངས་དང་། བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི “རྩ་སྟོང་འགྲོ་ཉེར་ཡོད་པའི་སྔོ་སྨན་འདེབས་འཛུགས ”དང་“སྲོལ་རྒྱུན་བོད་སྨན་གྱིས་བཅོས་དཀའ་བའི་ནད་བཅོས་པའི་མན་ངག་དང་སྨན་སྦྱོར་བྱེད་སྟངས་ཕྱོགས་བསྒྲིགས ”ཀྱི་རྣམ་གྲངས་འགན་ལེན་བྱས་པ། 2006ལོར་རྒྱལ་ཁབ་རང་བྱུང་ཐེབས་རྩའི “བོད་སྨན་ཁྲག་འཕེལ་བདེ་བྱེད་ཀྱིས་ས་མཐོའི་ཁྲག་འཕེལ་ནད་ཀྱི་ཕན་ནུས་དང་། རྒྱལ་ཁབ་ཚན་རྩལ་པུའི་རྣམ་གྲངས་གཙོ་གྲས་ཏེ “ལུས་སྟོབས་གསོ་བའི་འབའ་བསམ་སྨན་མར་གྱི་སྦྱོར་ཚུལ་གསར་པ ”དང་རྒྱལ་ཁབ་སློབ་གསོ་པུའི “རྩ་སྟོང་འགྲོ་ཉེར་ཡོད་པའི་སྔོ་སྨན་འདེབས་འཛུགས་ཀྱི་ཞིབ་འཇུག ”རྣམ་གྲངས་འགན་ལེན་བྱས་པ། 2007ལོར་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི “བོད་སྨན་འཁྲུགས་གློ་ཀུན་སེལ་གྱི་ཕྱེ་མའི་ཞིབ་འཇུག ”དང “བོད་སྨན་གྱི་སྨན་རྒྱུའི་སྤུས་ཚད་ཚད་ལྡན་ཅན་གྱི་འཛུགས་སྐྲུན ”རྣམ་གྲངས་འགན་ལེན་བྱས་པ། 2008ལོར་རྒྱལ་ཁབ་ཚན་རྩལ་པུའི་རྣམ་གྲངས་973སྟེ “ས་མཐོའི་ཁྲག་རིལ་དམར་པོ་འཕེལ་བའི་ནད་ཀྱི་རྒྱུ་རྐྱེན་དང་སྔོན་འགོག་བྱ་ཐབས་ཀྱི་ཞིབ་འཇུག ” དེ་བཞིན “ལྔ་བཅུ་གཅིག ”རིང་གི་རྒྱལ་ཁབ་ཚན་རྩལ་གྱི་གཙོ་གནད་རྣམ་གྲངས་“མི་རིགས་གསོ་རིག་འཕེལ་རྒྱས་ཀྱི་འགག་རྩའི་ལག་རྩལ་དཔེ་སྟོན་ཞིབ་འཇུག ”གི་ཞིབ་འཇུག་བྱ་གཞིའི་ཆ་ཤིག་སྟེ་བོད་སྨན་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པའི་ཐལ་བསྲེགས་བྱ་ཐབས་དང་དེའི་བདེ་འཇགས་ཀྱི་དཔྱད་དཔོག་འགན་ལེན་བཅས་བྱས་པ་རེད། གཞན་ཡང་སློབ་ཆེན་དགེ་རྒན་གྱི་ཚན་ཞིབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཁོང་ཚོའི་ཚན་ཞིབ་ཀྱི་ཆུ་ཚད་གོང་མཐོར་གཏོང་ཆེད་སློབ་གྲྭས་མ་དངུལ་སྒོར་ཁྲི་100ཙམ་རི་བ་གྲབས་གསོག་བྱས་ཏེ “ཟླ་མདུད་ཆེ་མོ ”དང “བདུད་རྩི་བཅུ་པ ”ཡི་སྨན་སྦྱོར་སོགས་སློབ་ཆེན་གྱི་ཚན་ཞིབ་རྣམ་གྲངས་32སྤེལ་བ་རེད།

        བོད་ལུགས་གསོ་རིག་སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་སྟེ་“དངུལ་ཆུ་གཙོ་སྦྱངས་བྱ་ཐབས་དང་རིན་ཆེན་གྲང་སྦྱོར་གྱི་སྦྱོར་རྡ་བྱེད་ཐབས། ཆ་བྱད་དཔྱད་ཀྱི་བཅོས་ཐབས ”སོགས་ཀྱི་རྣམ་གྲངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངོན་མིན་རིག་གནས་སྲུང་སྐྱོབ་ཤུལ་བཞག་ནང་འཇུག་རྒྱུའི་ཆོག་མཆན་ཐོབ་པ་དང་། 《རྒྱུད་བཞིའི་ཕྱི་མ་རྒྱུད་ཀྱི་འགྲེལ་པ 》ཁག་དང་པོ 《རྒྱལ་ཁབ་རྩ་ཆེའི་གནའ་ཤུལ་དཀར་ཆག 》ནང་བསྡུ་ལེན་བྱས་པ། མཁས་དབང་ཁྲོ་རུ་ཚེ་རྣམ་གྱིས་གཙོ་འགན་རྩོམ་སྒྲིག་གནང་བའི 《གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང 》ལ་སྐབས་དང་པོའི་རྒྱལ་སྤྱིའི་བོད་ལུགས་གསོ་རིག་སྨན་རྫས་རིག་གཞུང་ཞིབ་གྲོས་ཚོགས་འདུའི་ཐོག “གཡུ་ཐོག་བུམ་པའི ”གསེར་གྱི་རྟགས་མ་དང་། རྒྱལ་ཁབ་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་གཉིས་པ། སྐབས་བཅུ་གསུམ་གྱི་རྒྱལ་ཁབ་དཔེ་དེབ་བྱ་དགའ། བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་གྱི་དམིགས་བསལ་ལེགས་སྐྱེས་ཀྱི་བྱ་དགའ་དང་རང་སྐྱོང་ལྗོངས་ཀྱི་ཚན་ཞིབ་ཡར་ཐོན་གྱི་བྱ་དགའ་རིམ་པ་དང་པོ་བཅས་ཐོབ། དགེ་རྒན་ཆེ་མོ་བ་དགའ་བོས་གཙོ་འགན་རྩོམ་སྒྲིག་གནང་བའི 《དྲི་མེད་ཤེལ་གྱི་མེ་ལོང 》རང་སྐྱོང་ལྗོངས་རིམ་པའི་དཔྱད་རྩོམ་གྱི་བྱ་དགའ་རིམ་པ་གཉིས་ཐོབ་པ། དེ་བཞིན་《རྒྱུད་བཞིའི་སྨན་སྦྱོར་ཆེ་མོ 》དང 《བོད་ལུགས་གསོ་རིག་གི་ལུམས་ཀྱི་སྨན་སྦྱོར་ཕྱོགས་བསྡུས 》《བོད་ལུགས་གསོ་རིག་མཁས་དབང་གི་ཉམས་མྱོང་སྙིང་བསྡུས 》སོགས་བོད་ལུགས་གསོ་རིག་སྨན་རྫས་ཀྱི་དཔེ་གཞུང་ཆེ་མོ་60ལྷག་ཙམ་བསྡུ་བསྒྲིགས་བྱས་པ་རེད།

        འདི་ནི་སློབ་གྲྭའི་འགོ་ཁྲིད་ཚན་ཁག་གིས་སློབ་གྲྭའི་རྒྱང་རིང་གི་འཕེལ་རྒྱས་འཆར་གཞིར་ཞིབ་འཇུག་དང་གྲོས་བསྡུར་བྱེད་བཞིན་ཡོད་པ།

        སློབ་གྲྭས་བསམ་བློ་ཆབ་སྲིད་ལས་དོན་ལ་མཐོང་ཆེན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་གང་ལེགས་བྱེད་ཅིང་། འདི་ནི་སློབ་གྲྭས་སྔོན་ཐོན་ཏང་ཡོན་ལ་གཟེངས་བསྟོད་བྱེད་བཞིན་ཡོད་པ།

        སློབ་གྲྭས་སློབ་མའི་བསམ་བློ་ཀུན་སྤྱོད་སློབ་གསོར་མཐོང་ཆེན་བྱས་ཏེ་ལོ་ལྟར་གཤམ་སྐྱོད་གསུམ་གྱི་བྱེད་སྒོ་ཧུར་ཐག་སྤེལ་ཏེ་སློབ་མའི་བྱང་ཚད་སྒོ་ཀུན་ནས་གོང་མཐོར་གཏོང་གི་ཡོད་ཅིང་། འདི་ནི་སློབ་མས་ཞིང་འབྲོག་པར་རིག་རྩལ་འཁྲབ་སྟོན་བྱེད་བཞིན་ཡོད་པ།

       འདི་ནི་དགེ་སློབ་ཚོས་སློབ་གསེང་གི་དུས་སུ་གྲོང་གསེབ་ཏུ་བསྐྱོད་ནས་མང་ཚོགས་ལ་སྨན་བཅོས་བྱེད་བཞིན་ཡོད་པ།

        འདི་ནི་མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་གིས་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་དམར་ཁྲིད་གནང་བཞིན་ཡོད་པ།

        འདི་ནི་སློབ་གྲྭའི་ཚན་རྩལ་མི་སྣས་སྨན་རིགས་འཕྲོད་སྦྱོར་གྱི་ཚོད་ལྟ་བྱེད་བཞིན་ཡོད་པ།

        འདི་ནི་ཚན་རྩལ་མི་སྣས་དུས་ཚོད་དམ་འཛིན་གྱིས་རྒྱལ་ཁབ་རིམ་པའི་ཚན་རྩལ་རྣམ་གྲངས་ལ་ཞིབ་འཇུག་བྱེད་བཞིན་པ།

        བོད་སྨན་གྱི་ཐུན་མིན་ལག་རྩལ་ཐལ་བསྲེགས་བྱེད་ཐབས་དམར་ཁྲིད་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།