དབུ་ཤོག>བོད་ལུགས་གསོ་རིག
  • ལྷོ་ཁ་ས་ཁུལ་སྨན་རྩིས་ཁང་གིས་མཚོ་སྣ་རྫོང་གི་མཐའ་ཁུལ་མང་ཚོགས་ལ་རིན་མེད་སྨན་བཅོས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-07

        འདི་ནི་སྨན་དོན་མི་སྣས་རིན་མེད་པར་བོད་སྨན་སྟེར་བཞིན་པ།

        འདི་ནི་ཆེད་ལས་མཁས་པས་ལོ་ན་མཐོ་བའི་བགྲེས་སོང་ལ་རྩ་བརྟག་ནས་ནད་གཞི་དཔྱད་བཞིན་ཡོད་པ།

        འདི་ནི་བོད་སྨན་ཆེད་ལས་མཁས་པས་ཨ་མ་རྒན་མོའི་ཕོ་བའི་ནད་གཞིར་བརྟག་པ།

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ལྷོ་ཁ་ས་ཁུལ་སྨན་རྩིས་ཁང་གིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ནང་ཐོག་མཐའ་བར་གསུམ་དུ་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་ལ་མཐོང་ཆེན་དང་། གཏན་འཁེལ་གྱི་དུས་ཚོད་ནང་མང་ཚོགས་ལ་རིན་མེད་སྨན་བཅོས་བྱེད་པའི་བྱེད་སྒོ་སྤེལ་ནས་དམངས་ཀྱི་དགའ་བསུ་ཐོབ་པ་བྱས་ཡོད་པ་རེད།

        རིང་མིན་གོང་ས་ཁུལ་དེའི་སྨན་རྩིས་ཁང་གི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་པའི་སྨན་དོན་མི་སྣས་སྔ་རྗེས་སུ་གོང་དཀར་དང་། འཕྱོངས་རྒྱས། ཟངས་རི་སོགས་ལ་བསྐྱོད་དེ་ཞིང་འབྲོག་མང་ཚོགས་ལ་སྨན་བཅོས་བྱས་པ་དང་། ཡང་ཉེ་དུས་སྨན་དོན་མི་སྣས་ས་ཁུལ་དེའི་མཐའ་ཁུལ་དུ་གནས་པའི་མཚོ་སྣ་རྫོང་དུ་ཞིང་འབྲོག་མང་ཚོགས་ཚོར་རིན་མེད་སྨན་བཅོས་བྱེད་པར་བསྐྱོད་ཅིང་། ཁོང་ཚོས་རྫོང་དེའི་ཆུ་དྲོ་མོ་ཤང་ཁོངས་ཀྱི་གྲོང་ཚོ་ཁག་གི་མང་ཚོགས་ལ་སེམས་རྩ་འཁོལ་པོས་བརྟག་དཔྱད་སྨན་བཅོས་བྱས་ཏེ་བོད་ལུགས་གསོ་རིག་སྨན་པའི་ཀུན་སྤྱོད་བཟང་པོ་གང་ལེགས་མངོན་པར་བྱས་ཡོད་པ་རེད།

        འཕྲིན་སྤེལ་བས་ཤེས་རྟོགས་བྱུང་བར་གཞིགས་ན། སྨན་དོན་མི་སྣས་ས་ཡུལ་དངོས་ལ་འབྱོར་རྗེས་ཉིན་གསུམ་བསྟུད་མར་ནད་པ་མི་གྲངས་1220ལ་སྨན་བཅོས་བྱས་ཡོད་ཅིང་། རིན་མེད་དུ་སྨན་སྤྲད་པ་དེ་དག་དངུལ་ལ་ཕབ་ན་མི་དམངས་ཤོག་སྒོར་15000ལྷག་ཙམ་ཟིན་ཡོད་པ་དང་། ཞིང་འབྲོག་མང་ཚོགས་ལ་སྨན་བཅོས་ཀྱི་དངོས་ཕན་ཐོབ་རྗེས་ཚང་མས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ནང་ས་ཁུལ་སྨན་རྩིས་ཁང་གི་སྨན་དོན་པས་ཁ་སྟོང་པ་བཤད་ནས་མ་བསྡད་པར་ལས་བཟང་བསྒྲུབས་པ་ནི་དངོས་འབྲེལ་བསྔགས་བརྗོད་ཞུ་འོས་པ་ཞིག་རེད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།