ལོ་སྟོང་ཕྲག་རིང་ལག་པ་ཁོ་ནར་བརྟེན་ནས་བོད་སྨན་ཐོན་སྐྱེད་བྱེད་པ་དེ་ད་ཆ་རང་འགུལ་ཅན་གྱི་རྒྱུན་མཐུད་ལས་རིམ་ཐོག་ནས་ཐོན་སྐྱེད་བྱེད་པ།
ད་ཡོད་གནས་ཚུལ། ——
བོད་སྨན་དེ་འཛམ་གླིང་གི་ཕྱོགས་སུ་སྐྱོད་འགོ་ཚུགས་པ།
ཟླ་ 8 ཚེས་ 13 ཉིན་གསར་འགོད་པ་ཉང་བྲན་ལམ་དུ་གནས་པའི་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་སླེབས།
ནག་ཆུ་ས་ཁུལ་སོག་རྫོང་དཀར་མོ་ཤང་ནས་ཡིན་པའི་སྐལ་བཟང་ནད་ཁྲིའི་ཐོག་ཉལ་ནས་འདུག ཁོང་གི་རྐང་པ་གཡོན་མ་དེ་རུས་པ་ཆག་ཧྲུག་ཏུ་གྱུར་པས་ཐད་འཇུག་གཤགས་བཅོས་བྱས་ཏེ་སྨན་ཁང་དུ་ཉིན་ 23 བསྡད། སྐལ་བཟང་གིས “དེ་གར་སྐད་ཆ་ཤོད་བདེ་བ་དང་མར་གྱི་བྱུག་སྨན་གྱི་ཕན་ནུས་ཧ་ཅང་ཡག་པོ་འདུག་ལ་དྲི་མ་ཡང་ཞིམ་པོ་འདུག ”ཕྱུགས་འཚོ་སྐབས་རྨས་སྐྱོན་ཕོག་རྒྱུ་ནི་ལྡོག་ཐབས་མེད་པ་ཞིག་ཡིན་པས་སྨན་རྩིས་ཁང་དུ་སྡོད་རྒྱུ་ནི་གོམས་གཤིས་སུ་གྱུར་འདུག་ཅེས་དགོད་བཞིན་དུ་བཤད།
ཕྱི་ལུགས་གསོ་རིག་དང་བསྡུར་ན་བོད་ལུགས་གསོ་རིག་ལ་ལེགས་ཆ་མང་པོ་ལྡན་ཡོད། ཕྱི་ལུགས་གསོ་རིག་དེ་དོད་དྲག་དང་ཕྱི་བཅོས་ཚན་ཁག་གི་ནད་རིགས་སྨན་བཅོས་བྱེད་པའི་ཐད་ལེགས་ཆ་ལྡན་ཡོད་ནའང་བོད་ཀྱི་རྫོང་རིམ་པའི་སྨན་བཅོས་སྒྲིག་གཞིར་སྤྱིར་ན་གཤགས་བཅོས་བྱ་ཐབས་མེད་པ་དང་བོད་ལུགས་གསོ་རིག་གིས་རྩ་བལྟས་ནས་སྨན་བཅོས་བྱེད་ཀྱི་ཡོད་པས་གཞོགས་སྣོན་གྱི་བརྟག་དཔྱད་བྱ་ཐབས་ཧ་ཅང་མང་པོ་མི་དགོས་པར་བོད་ཀྱི་དོན་དངོས་དང་དེ་བས་འཚམས་པས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཡང་ཐོབ་ཀྱི་ཡོད།
བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཡོའན་ཀྲང་དགྲ་འདུལ་གྱིས་གསར་འགོད་པར་བོད་ལུགས་གསོ་རིག་དང་བོད་སྨན་ནི་བདེ་འཇགས་དང་། ཕན་ནུས་ལྡན་པ། སྟབས་བདེ། གོང་ཁེ་བ་བཅས་ཡོད་པས་ཞིང་འབྲོག་ཁུལ་གྱི་གཞི་རིམ་བོད་ལུགས་གསོ་རིག་གི་སྨན་ཐོའི་འགྲོ་གྲོན་དེ་ཕྱི་ལུགས་གསོ་རིག་ལས་ 30% ཡན་གྱི་གོང་ཁེ་བ་ཡོད་ཅེས་ངོ་སྤྲོད་བྱས།
རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་དང་ལོ་རྒྱུས་ཀྱི་གོམས་གཤིས་སོགས་རྒྱུ་རྐྱེན་གྱི་རྐྱེན་པས་བོད་མིས་བོད་ལུགས་གསོ་རིག་དང་བོད་སྨན་ལ་ཁས་ལེན་དང་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། བོད་སྨན་ཁ་ཤས་བོད་དུ་མཁོ་མང་སྤྲོད་ཉུང་དུ་གྱུར་པ་དང་བོད་མི་ཧ་ཅང་མང་པོ་ཞིག་གིས་མུ་ཏིག་བདུན་ཅུ་རིལ་བུ་གཅིག་སྐེ་ལ་བཏགས་ཏེ་གློ་བུར་དུ་བྱུང་བའི་རྐྱེན་ངན་འགོག་པའི་གྲ་སྒྲིག་བྱེད་པ་དང་ཐ་ན “སྨན་རིལ་བུ་གཅིག་གིས་རྟ་གཅིག་བརྗེས་ཐུབ ”ཅེས་པའི་ཤོད་སྲོལ་ཡོད།
བོད་ལུགས་གསོ་རིག་གི་སྨན་པའི་མི་གྲངས་ཀྱིས་ལྗོངས་དེ་ཡོངས་ཀྱི་སྨན་པ་དང་ནད་ཞབས་པའི་མི་གྲངས་ཀྱི་བཅུ་ཆ་གཅིག་བཟུང་མོད། འོན་ཀྱང་ཞབས་འདེགས་ཞུ་བའི་མི་གྲངས་དེ་སྤྱི་འབོར་གྱི་གསུམ་ཆ་གཅིག་བཟུང་ཡོད། “རྫོང་མི་དམངས་སྨན་ཁང་མང་པོར་བོད་ལུགས་གསོ་རིག་ཚན་ཁག་གི་སྒོ་བསྟེན་སྨན་བཅོས་བྱེད་ཚད་ཧ་ལམ་ཚན་ཁག་གཞན་དག་གི་བསྡོམས་འབོར་དང་མཚུངས་ཀྱི་ཡོད ”ཅེས་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་བོད་ལུགས་གསོ་རིག་དང་བོད་སྨན་དོ་དམ་ཅུས་ཀྱི་འགན་འཁུར་བ་པ་སངས་ཀྱིས་ངོ་སྤྲོད་བྱས། རང་སྐྱོང་ལྗོངས་སྨན་རྩིས་ཁང་དང་ལྷོ་ཁ་སྨན་རྩིས་ཁང་སོགས་སུ་སྒོ་བསྟེན་སྨན་བཅོས་བྱེད་ཚད་རིམ་པ་གཅིག་མཚུངས་ཀྱི་སྨན་ཁང་གཞན་དག་ལས་མང་བ་ཡོད་པ་རེད།
བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དེ་སྨན་རྫས་ཡོད་དོ་ཅོག་ཚང་མ་ས་བབ་མཐོ་བ་དང་། དྲོད་ཁྱད་ཆེ་བ། ཉི་མ་ཕོག་ཤུགས་ཆེ་བ། སྦགས་བཙོག་མེད་པ་བཅས་ཀྱི་ས་མཐོའི་ཁུལ་ནས་འཐུ་བསྡུ་བྱས་པ་དང་དེའི་ཕན་ནུས་ཀྱི་གྲུབ་ཆ་དང་སྐྱེ་དངོས་ཀྱི་ཤུགས་ཆེའི་རང་བཞིན་རིགས་གཅིག་མཚུངས་ཀྱི་སྨན་རྫས་གཞན་དག་ལས་ཧ་ཅང་ཆེ་བ་ཡོད་པས་སྤྱིར་བཏང་ཐོག་སྨན་འབྱུང་རང་བཞིན་དང་སྨན་འབྱུང་རང་བཞིན་གྱི་ནད་རིམས་ཐོན་མི་སྲིད།
འགྲན་སློང་། ——
ཤེས་ལྡན་མི་སྣ་དཀོན་པ་དང་། སྨན་རྒྱུ་དཀོན་པ། ཐོན་ལས་རང་བཞིན་མི་འདང་བ་སོགས་འཇུར་འགག་ནས་ཚད་བརྒལ་བྱེད་དགོས་པ།
“ཕལ་ཆེར་ང་ནི་རྒྱལ་ཡོངས་སུ་ཧ་ཅང་ཉུང་ཉུང་ཡིན་པའི་ཁྲང་ཀྲང་ཡིན་ཤས་ཆེ ”ཞེས་བོད་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭའི་རྟེན་རྫས་བཤམས་མཛོད་ཁང་ནང་ཁྲང་ཀྲང་ཀུན་དགའ་ནོར་བུས་གསར་འགོད་པར་བོད་ལུགས་གསོ་རིག་དང་བོད་སྨན་ལ་འཕྲད་པའི་འགྲན་སློང་གི་སྐོར་གླེང་།
བོད་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭ་ནི་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཁོངས་སུ་གཏོགས་པ་དང་བྱ་གཞག་ཚན་པར་ཁེ་ལས་རང་བཞིན་གྱི་དོ་དམ་བྱ་རྒྱུ་ལག་ལེན་བསྟར་ཞིང་། ལས་བཟོ་300 ལྷག་ཙམ་ཡོད་པའི་ནང་ད་དུང་མི་55 ལ་ནོར་སྲིད་ནས་གླ་ཕོགས་སྤྲོད་ཀྱི་ཡོད། ཀུན་དགའ་ནོར་བུ་ཚོགས་འདུར་ཞུགས་མ་ཉིད་དུ་བྱ་དཀའ་བྱེད་གཏད་བྱུང་བ་དང་ནང་སའི་སྨན་རྫས་ཁེ་ལས་སྔ་ས་ནས་སྒྱུར་བཅོས་བྱས་ཟིན་པས་ཏུང་ཧྲི་ཀྲང་དང་སྤྱི་ཁྱབ་ཅིང་ལི་ཞེས་ལོ་མང་འབོད་ཟིན་པ་དང་མིང་དོན་ཐོག་རང་ཉིད་ལ་སྔར་བཞིན “ཁྲང་ཀྲང ”ཞེས་འཁོད་ཡོད་པ་དེ་ནི་འབོད་སྟངས་ཤིག་ཡིན་པ་ཙམ་མ་ཚད་དངུལ་བུན་ལེན་རྒྱུ་དང་། མ་རྩ་མཉམ་འཇོག་བྱ་རྒྱུ། ནང་ཁུལ་གྱི་དོ་དམ། ཤེས་ལྡན་པ་བསྡུ་སྤྱོད་བྱ་རྒྱུ་བཅས་ཚང་མར་ཤུགས་རྐྱེན་ཕོག་གི་ཡོད་པས་སྒྱུར་བཅོས་མི་བྱེད་ཀ་མེད་ཡིན།
“རང་སྐྱོང་ལྗོངས་ཀྱིས་ཕྱི་ལོ་ངེས་པར་དུ་ལམ་ལུགས་སྒྱུར་བཅོས་བྱ་རྒྱུ་ལེགས་གྲུབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད ”ཅེས་དང་ཁྲོམ་རར་སྐྱོད་པ་དང་མ་རྩ་མཉམ་འཇོག་བྱ་རྒྱུ་ཉིན་རེའི་ལས་རིམ་ཐོག་བཞག་ཟིན་ནས “མ་རྩ་དང་ཚན་རྩལ་ནི་བོད་ལུགས་གསོ་རིག་དང་བོད་སྨན་འཕུར་མཆོང་བྱེད་པའི་གཤོག་པ་ལྟ་བུ་ཡིན ”ཞེས་ཀུན་དགའ་ནོར་བུས་བཤད།
བོད་སྨན་བཟོ་གྲྭའི་གནས་བབ་ནི་བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་བསྲིང་ངང་འཕེལ་རྒྱས་གཏོང་རྒྱུར་འཕྲད་པའི་འགྲན་སློང་གསར་པའི་མཚོན་བྱེད་ཅིག་ཡིན།
ཐབས་ལམ། ——
“དེང་རབས་ཅན ”གྱི་ཕྱོགས་སུ་སྐྱོད་དགོས་པ་དང “དེང་རབས་ཀྱི་སྐད་ཆ ”ཤོད་དགོས།
དེ་འདྲ་ཡིན་ན་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐབས་ལམ་གང་དུ་ཡོད་དམ།
“བོད་ལུགས་གསོ་རིག་དང་བོད་སྨན་དེ་ཡང་ཀྲུང་ལུགས་གསོ་རིག་དང་འདྲ་བར་ངེས་པར་དུ་དེང་རབས་ཀྱི་མིའི་དགོས་མཁོ་དང་འཚམ་པ་བྱེད་དགོས ”ལུས་སེམས་བདེ་ཐང་རྒྱལ་སྤྱིའི་ཀྲུང་ལུགས་གསོ་རིག་ཞིབ་འཇུག་ཁང་གི་ཡོའན་ཀྲང་ཁྲེན་ཡུང་གིས “དེང་རབས་ཅན ”དང “དེང་རབས་ཀྱི་སྐད་ཆ ”ནི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་པ་སྟེ “དེང་རབས་ཅན ”ནི་དེང་རབས་ཀྱི་ཚན་རིག་ལག་རྩལ་དེས་སྲོལ་རྒྱུན་གྱི་སྨན་དང་སྨན་རྫས་ལ་ཞབས་འདེགས་ཞུ་རུ་འཇུག་དགོས་པ་དང་སྲོལ་རྒྱུན་གྱི་གསོ་རིག་གི་རྩ་བའི་རིགས་པ་དང་འཚམ་པ་དང་སྲོལ་རྒྱུན་གྱི་གསོ་རིག་སྤྱོད་རྒྱུ་དང་འཕྲོད་པའི་དེང་རབས་ཅན་གྱི་སྨན་བཅོས་སྒྲིག་ཆས་དང་ཐོན་ཟོག་གསར་སྤེལ་བྱ་རྒྱུ་དེ་ཡིན་པ་དང “དེང་རབས་ཀྱི་སྐད་ཆ ”ཞེས་པ་ནི་སྲོལ་རྒྱུན་གྱི་གསོ་བ་རིག་པས་དཔོག་དཀའ་བ་དང་གནའ་རྫས་བབ་ཆགས་ཀྱི་རིགས་པའི་གཞུང་ལུགས་དེ་གོ་བདེ་ལ་ཤེས་སླ་བའི་དེང་རབས་ཀྱི་སྐད་ཆར་སྒྱུར་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁས་ལེན་དང་རྒྱབ་སྐྱོར་ཐོབ་པ་བྱ་རྒྱུ་དེ་རེད་ཅེས་བཤད།
བཅར་འདྲི་བྱེད་རིང་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་ནང་གི་མི་རྣམས་ལ་བོད་ལུགས་གསོ་རིག་དང་བོད་སྨན་གོང་འཕེལ་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གསལ་པོ་ཞིག་ཡོད་པ་དང་། ཁོང་ཚོས་ཁྲོམ་ར་ཁྲིད་སྟོན་དུ་བྱེད་པ་དང་ཐོན་དབང་སྒྲོག་ཐག་ཏུ་བྱས་ཏེ་བོད་ཀྱི་བོད་སྨན་ཚོགས་པ་འཛུགས་པ་དང་བོད་སྨན་གྱི་སྨན་རྒྱུ་འདེབས་འཛུགས་བྱེད་པའི་རྟེན་གཞིའི་འཛུགས་སྐྲུན་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ་ཁེ་ལས་དང་ཞིང་འབྲོག་པར་བོད་སྨན་གྱི་སྨན་རྒྱུ་འདེབས་འཛུགས་བྱ་རྒྱུ་འཕེལ་རྒྱས་གཏོང་རྒྱུའི་སྐུལ་ལྕག་གཏོང་བ་དང་། བོད་སྨན་གྱི་སྨན་རྒྱུ་མི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱ་རྒྱུ་འཕེལ་རྒྱས་ཤུགས་ཆེན་བཏང་བ་བརྒྱུད་བོད་སྨན་གྱི་སྨན་རྒྱུ་ཐོན་སྐྱེད་དང་ལས་སྣོན་དང་མཁོ་སྤྲོད་རྟེན་གཞི་ཅན་དུ་གྱུར་བ་བྱ་རྒྱུ་དང་། གསར་གཏོད་གསར་སྤེལ་གྱི་ནུས་པ་ཤུགས་ཆེར་བཏང་སྟེ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐོན་ལས་དེང་རབས་ཅན་དུ་འགྱུར་རྒྱུ་མགྱོགས་སུ་གཏོང་བ། དེང་རབས་ཀྱི་གཉེར་སྐྱོང་དང་བྲིན་འཚོང་གི་བྱ་ཐབས་གང་ལེགས་སྤྱད་དེ་ཁྲོམ་རར་བཟུང་ཚད་རྒྱ་ཆེར་ཧུར་ཐག་གཏོང་དགོས་པ་བཅས་ཀྱི་ངོས་འཛིན་བྱས་པ་རེད།