དབུ་ཤོག>བོད་ལུགས་གསོ་རིག
  • འདི་ལོ་བོད་ལྗོངས་ཀྱི་འཕྲོད་བསྟེན་བྱ་གཞག་ཐད་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་20.1ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-07

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པར་ལྗོངས་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱི་རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་སླད་ཕྱིན་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་རྒྱུ་མང་ཅན་གྱི་མ་དངུལ་གཏོང་བའི་ལམ་སྲོལ་ཞིག་འཛུགས་པ་དང་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་རང་ལྗོངས་ཀྱི་སྨན་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་བྱ་ཆེད་མ་དངུལ་གྱི་འགན་ལེན་ནུས་ལྡན་བྱ་རྒྱུ་ཡིན་པ་རེད།

        སྨན་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་ཁྲོད་རང་ལྗོངས་ཀྱི་རིམ་ཁག་ནོར་སྲིད་སྡེ་ཚན་གྱིས “གཞི་རྩའི་སྨན་བཅོས་ཞབས་ཞུའི་ཐད་ལ་སྲིད་གཞུང་གིས་མ་འཇོག་བྱ་རྒྱུ་གཙོ་བོར་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་འོས་འཚམ་ཞིག་གཏོང་བ། སྤྱི་ཚོགས་ཕྱོགས་ཁག་ནས་གྲབས་གསོག་དང་རྒྱབ་སྐྱོར་བྱ་རྒྱུར་སྐུལ་མ་གཏོང་བ ”བཅས་ཀྱི་རྒྱུ་མང་ཅན་གྱི་མ་འཇོག་ལམ་སྲོལ་རིམ་བཞིན་འཛུགས་རྒྱུ་ཡིན་ཞིང་། གཅིག་ནས་སྲིད་གཞུང་གིས་སྤྱི་པའི་འཕྲོད་བསྟེན་ལ་མ་དངུལ་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་སྤྱི་པའི་སྨན་བཅོས་འཕྲོད་བསྟེན་གྱི་སྤྱི་ཕན་རང་བཞིན་གྱི་ངོ་བོར་སྲུང་སྐྱོང་བྱ་རྒྱུར་བསྟུན་ནས་ནོར་སྲིད་ཀྱིས་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་ཆེད་ལས་སྤྱི་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞིའི་མི་སྣའི་འགྲོ་གྲོན་དང་། འཕེལ་རྒྱས་དང་འཛུགས་སྐྲུན་གྱི་འགྲོ་གྲོན། སྤྱི་སྤྱོད་འགྲོ་གྲོན། ལས་སྒོའི་འགྲོ་གྲོན་བཅས་སྲིད་གཞུང་གི་སྔོན་རྩིས་ནང་འཇུག་པ་དང་འབྲེལ་གྲངས་འབོར་ཆ་ཚང་བཀོད་སྒྲིག་བྱས་ནས་མི་རེའི་ཆ་སྙོམས་ཀྱི་སྤྱི་པའི་འཕྲོད་བསྟེན་གྱི་འགྲོ་གྲོན་རིམ་བཞིན་མང་དུ་གཏོང་རྒྱུ་དང་། གཉིས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞིའི་མ་འཇོག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་གསེབ་ཀྱི་སྨན་པའི་ཁ་གསབ་ཐོབ་ཐང་ཐག་གཅོད་ཡང་དག་བྱེད་པ་དང་། གྲོང་ཚོའི་འཕྲོད་བསྟེན་ཁང་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། གྲོང་ཚོའི་སྨན་པའི་ལས་གནས་གདན་ཞུའི་ལམ་ལུགས་བཙུགས་ནས་ལས་གནས་གདན་ཞུའི་གླ་ཕོགས་དང་ཕྱོགས་བསྡུས་ཕན་འབྲས་དཔྱད་དཔོག་གླ་ཕོགས། སྨན་བཅོས་ཞབས་ཞུའི་ཡོང་འབབ་བཅས་བགོ་བཤའ་འོས་འཚམ་རྒྱག་རྒྱུ་དང་ཟུང་འབྲེལ་བྱེད་པའི་ཁ་གསབ་ལམ་སྲོལ་ལག་བསྟར་བྱ་རྒྱུ། གསུམ་ནས་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་དང་ཚོད་ལྟ་བྱ་རྒྱུ་ཁྱབ་གདལ་ཧུར་ཐག་གཏོང་བ་དང་གཞུང་བཙུགས་སྨན་ཁང་གི་སྲིད་གཞུང་གི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱས་ཏེ་གཞི་རྩའི་འཛུགས་སྐྲུན་དང་སྒྲིག་བཀོད་ཉོ་སྒྲུབ་དང་། གཙོ་གནད་རིག་ཚན་འཕེལ་རྒྱས་གཏོང་རྒྱུར་རོགས་སྐྱོར་བྱེད་པ། རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་འགྲོ་གྲོན་དང་ཁ་གསབ་སྲིད་ཇུས་རང་བཞིན་གྱི་གྱོང་གུན་སོགས་ལ་སྲིད་གཞུང་གིས་མ་འཇོག་བྱ་རྒྱུ་རིམ་བཞིན་ཆེ་རུ་བཏང་སྟེ་སྨན་རྩིས་ཁང་དང་འགོས་ནད་སྨན་ཁང་སོགས་ལ་མ་འཇོག་བྱེད་པའི་སྲིད་ཇུས་ཐད་གཟིགས་སྐྱོང་བྱ་རྒྱུ། བཞི་ནས་སྤྱི་པའི་འཕྲོད་བསྟེན་འགྲོ་གྲོན་འགན་ལེན་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞིང་། 2009ལོར་ལྗོངས་ཡོངས་ཀྱི་ལོར་མི་རེའི་ཆ་སྙོམས་ཀྱི་གཞིའི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་གྱི་ཚད་གཞི་སྒོར་25ལས་མི་དམའ་བ་དང་2011ལོར་སྒོར་30ལས་མི་དམའ་བ་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཧེ་བག་རིམ་བཞིན་ཆུང་དུ་གཏོང་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།