དབུ་ཤོག>བོད་ལུགས་གསོ་རིག
  • ནད་རིཊ་འཇོམས་པའི་བདུད་རྩི། བཙོ་ཐལ་ལས་སྣོན་གཏམ་བཟང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-05-07

        བོད་སྨན་ལས་རིགས་དར་སྤེལ་གཏོང་བ་དེ་ནི་འགྲོ་བ་མིའི་རིགས་ཀྱི་བདེ་ཐང་སྲུང་སྐྱོང་གི་ནུས་པ་ཇེ་ཆེར་གཏོང་བའི་སྟོབས་ཤུགས་རྒྱ་བསྐྱེད་བྱེད་པ་ཞིག་ཡིན་ལ་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལའང་ཤུགས་རྐྱེན་ངེས་ཅན་ཡོད་པ་ཞིག་ཡིན་པས་ཉེ་བའི་ལོ་འགའི་རིང་བོད་ཀྱི་ས་གནས་ཁག་ཏུ་ཚད་དང་མཐུན་པའི་ངང་རིན་ཆེན་དངུལ་ཆུ་བཙོ་སྦྱངས་ལག་ལེན་བྱས་པས་སྨན་ནུས་ཆེ་བའི་བཙོ་ཐལ་ལག་ལེན་དེ་སྔར་གྱི་སྟོངས་ལ་ཉེ་བ་ནས་ཤིན་ཏུ་འཕེལ་རྒྱས་ཆེ་བའི་དུས་རིམ་དུ་སླེབས་ཡོད་ཅིང་། དེ་ནི་གངས་ཅན་གསོ་རིག་གིས་འགྲོ་བ་ནད་པའི་ཆེད་དུ་ལེགས་སྐྱེས་ཆེན་པོ་འབུལ་བའི་སྟོབས་ཤུགས་ཆེ་རུ་སོང་བ་མངོན་པ་ཞིག་རེད།

        དེ་ཡང་ཉེ་དུས་ཆབ་མདོ་ས་ཁུལ་སྨར་ཁམས་རྫོང་བོད་སྨན་ཚན་ཁག་གིས་ཏང་ཨུད་དང་སྲིད་གཞུང་རིམ་པ་ཁག་དང་། འབྲེལ་ཡོད་ཚན་པའི་ཤུགས་ཆེའི་རོགས་སྐྱོར་འོག་ཐེངས་གཉིས་པའི་རིན་ཆེན་དངུལ་ཆུ་བཙོ་སྦྱངས་ལག་ལེན་བྱས་པས་བཙོ་སྦྱངས་ཀྱི་དམིགས་ཚད་ལེགས་སྒྲུབ་བྱུང་སྟེ་སླར་ཡང་གཞི་རིམ་གྱི་བོད་སྨན་ལས་རིགས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ངང་དར་རྒྱས་བྱུང་བ་དང་། ཐུན་མོང་མིན་པའི་བོད་སྨན་རིན་ཆེན་རིགས་གྲུབ་པའི་རྒྱུ་གཙོ་བོ་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་ཐུབ་པའི་གཏམ་བཟང་སྒྲོག་ཐུབ་པ་བྱུང་བ་རེད། སྨར་ཁམས་རྫོང་བོད་སྨན་ཚན་ཁག་གིས་ཐེངས་དང་པོའི་དངུལ་ཆུ་དུག་སེལ་གྱིས་བཙོ་ཐལ་སྒྲུབ་པའི་བྱ་བ་དེ 1998ལོར་ཡིན་ཞིང་། ལོ་དེར་བཙོ་ཐལ་སྒྲུབ་པའི་ལག་ལེན་གྱིས་བོད་ལུགས་སྨན་པ་ཚོར་ལག་ལེན་གྱི་རྨང་གཞི་ཧ་ཅང་ལེགས་པོ་གདིང་ཐུབ་ཡོད་པ་དང་། ཐེངས་འདིར་དངུལ་ཆུ་དུག་སེལ་གྱིས་བཙོ་ཐལ་སྒྲུབ་པའི་ལས་དོན་ལ་རྫོང་དེས་ཚད་མཐོའི་མཐོང་ཆེན་བྱས་ཡོད་པ་མ་ཟད། ཆབ་མདོ་ས་ཁུལ་བོད་སྨན་ཁང་གིས་ཀྱང་ཤུགས་ཆེའི་རྒྱབ་སྐྱོར་བྱས་ཡོད་པ་དང་། དེ་བཞིན་རྫོང་བོད་སྨན་ཚན་ཁག་གིས་ཀྱང་ལོ་ཤས་རིང་གྲ་སྒྲིག་ལེགས་པོ་བྱས་ཏེ་ཆེད་སྤྱོད་མ་དངུལ་སྒོར་ཁྲི་ཚོ 63ལྷག་ཙམ་བཏང་བ་དང་། དེ་བས་ཀྱང་བཙོ་སྦྱངས་བྱེད་པའི་ལག་རྩལ་ཐད་དོ་སྣང་ཆེན་པོ་བྱས་ཏེ་རང་ངོས་ཀྱི་མཁས་དབང་ཡོད་པའི་ཐོག་ཁམས་ཕྱོགས་ཀྱི་གསོ་རིག་སྨན་རྫས་སྒྲུབ་པའི་ཐད་ཀྱི་མཁས་དབང་གདན་དྲངས་ཏེ་བཙོ་ཐལ་ཚད་ལྡན་ཡོང་བ་བྱས་ཡོད་པ་རེད།

        བོད་སྨན་གྱི་སྙིང་བཅུད་དུ་གྱུར་པའི་བཙོ་ཐལ་གྱིས་སྨན་རྫས་གཞན་དང་སྡེབས་ནས་ནད་རིགས་སྣ་ཚོགས་སེལ་ཐུབ་ཀྱི་ཡོད་པ་མ་ཟད། ཁྱད་པར་དུ་བཙོ་ཐལ་གྱིས་མིའི་ལུས་ཟུངས་གསོ་བ་དང་། སྐྱི་པགས་སྲུང་བ། རྒས་རྒྱུ་སྔོན་འགོག ཚ་གདུང་དུག་སེལ་དང་། གཉན་འཇོམས་ཆུ་སེར་སེལ་བ་སོགས་ཕན་ནུས་བསམ་གྱིས་མི་ཁྱབ་པ་ཐོན་གྱི་ཡོད་པ་དེ་སྨན་བཅོས་ལག་ལེན་གྱི་ཐོག་ནས་ར་འཕྲོད་བྱུང་ཡོད་པས་སྨར་ཁམས་རྫོང་བོད་སྨན་ཚན་ཁག་གིས་སྨན་རྒྱུ་དེ་སྔར་སོང་གི་ལག་རྩལ་རྒྱུན་འཛིན་བྱེད་པར་བརྟེན་ནས་སྒྲུབ་ཐབས་བྱས་པ་དེས་གཞི་རིམ་གྱི་བོད་སྨན་ལས་རིགས་དེ་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་བའི་ལམ་དུ་སྐྱོད་ཐུབ་ཡོད་ལ་དེ་བས་ཀྱང་མི་རབས་རྗེས་མས་བཙོ་སྦྱངས་ཀྱི་ལག་ལེན་ཁོང་དུ་ཆུད་རྒྱུར་ཡང་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།