བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་19ཉིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་པུའུ་དང་། འཕྲོད་བསྟེན་པུའུ། རྒྱལ་ཁབ་གསོ་རིག་དང་སྨན་རྫས་དོ་དམ་ཅུས་བཅས་ཀྱིས་པེ་ཅིང་དུ་མཉམ་འབྲེལ་ཐོག “ཀྲུང་དབྱིའི་གསོ་རིག་གི་མཁས་དབང ”ལ་གཟེངས་བསྟོད་དང་བཞུགས་མོལ་བྱེད་པའི་ཚོགས་འདུ་སྐབས་དང་པོ་དེ་འཚོགས་ཤིང་། ཀྲུང་དབྱིའི་གསོ་རིག་གི་ནད་ཐོག་ལས་ཀ་བྱེད་མཁན (མི་རིགས་ཀྱི་གསོ་རིག་དང་སྨན་རྫས་ཚུད )རིགས་གཅིག་མཁས་པ་རྒན་གྲས་30ལ “ཀྲུང་དབྱིའི་གསོ་རིག་གི་མཁས་དབང ”ཞེས་པའི་གཟི་བརྗིད་མཚན་སྙན་ཐོབ་པ་དང་དེ་ནི་ཀྲུང་གོ་གསར་པ་དབུ་བཪྙེས་ཚུན་རང་རྒྱལ་སྲིད་གཞུང་སྡེ་ཚན་གྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་རྒྱལ་ཁབ་རིམ་པའི་ཀྲུང་དབྱིའི་གསོ་རིག་གི་མཁས་དབང་དཔྱད་འདེམས་བྱེད་ཐེངས་དང་པོ་དེ་ཡིན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། སྐབས་དང་པོའི “ཀྲུང་དབྱིའི་གསོ་རིག་གི་མཁས་དབང ”དཔྱད་འདེམས་བྱེད་པའི་ལས་དོན་དེ་2008ལོའི་ཟླ་10ཚེས་28ཉིན་དངོས་སུ་འགོ་བཙུགས་ཤིང་། དེ་ནི་རྒྱལ་ཡོངས་ཀྱི་ཀྲུང་དབྱིའི་གསོ་རིག་དང་སྨན་རྫས་ཁོངས་གཏོགས་སུ་ནད་ཐོག་ལས་ཀ་བྱེད་མཁན་ཀྲུང་དབྱིའི་གསོ་རིག་དང་སྨན་རྫས (མི་རིགས་ཀྱི་གསོ་རིག་དང་སྨན་རྫས་ཚུད )ཀྱི་མི་སྣའི་ཁྲོད་ནས་འདེམས་སྒྲུག་བྱས་པ་ཞིག་ཡིན་པ་དང་དེ་དག་ཚང་མ་ནི་ཞིང་ཆེན་རིམ་པའི་སྐད་གྲགས་ཡོད་པའི་གསོ་རིག་མཁས་དབང་ངམ་ཡང་ན་རྒྱལ་ཡོངས་ཀྱི་ཀྲུང་དབྱིའི་གསོ་རིག་གི་རིགས་གཅིག་མཁས་ཅན་རྒན་གྲས་ཀྱི་རིགས་གཞུང་ཉམས་མྱོང་རྒྱུན་འཛིན་ལས་དོན་ལ་མཛུབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ཤ་སྟག་ཡིན་པ་དང་ཕྱོགས་མཚུངས་ད་དུང་ཀུན་སྤྱོད་བཟང་བ་དང་སྤྱི་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད་པ་དང་། ཀྲུང་དབྱིའི་གསོ་རིག་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བ། ཀྲུང་དབྱིའི་གསོ་རིག་དང་སྨན་རྫས་རིག་གཞུང་ཐད་ཡོན་ཚད་མཐོ་བ་དང་རིག་གཞུང་གྲུབ་འབྲས་ཁྱད་དུ་འཕགས་པ། རྒྱལ་ཡོངས་དང་དེ་བཞིན་ལས་རིགས་དེའི་ཁྲོད་ཤུགས་རྐྱེན་བཟང་པོ་ལྡན་པ། ཀྲུང་དབྱིའི་གསོ་རིག་ནད་ཐོག་གམ་ཡང་ན་ཀྲུང་དབྱིའི་གསོ་རིག་ལས་ཀ་བྱས་ནས་ལོ་55ཡན་སོང་བ། མང་ཚོགས་ཁྲོད་སྙན་གྲགས་ཆེན་པོ་ལྡན་པ་སོགས་ཀྱི་ཆ་རྐྱེན་འཛོམས་པ་ཤ་སྟག་ཡིན་པ་རེད།
སྐབས་དང་པོའི “ཀྲུང་དབྱིའི་གསོ་རིག་གི་མཁས་དབང ”གི་མཚན་སྙན་ཐོབ་པའི་ཀྲུང་དབྱིའི་གསོ་རིག་གི་རིགས་གཅིག་མཁས་དབང་30ཡི་ཁྲོད་རང་ལྗོངས་ཀྱི་སྐད་གྲགས་ཡོད་པའི་བོད་ལུགས་གསོ་རིག་མཁས་དབང་བྱམས་པ་འཕྲིན་ལས་དེའི་ནང་ཚུད་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། “ཀྲུང་དབྱིའི་གསོ་རིག་གི་མཁས་དབང ”30དེ་དག་ལ་ཞིང་ཆེན་དང་པུའུ་རིམ་པའི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད་ཅིང་། སླད་ཕྱིན་ལོ་ལྔ་རེའི་ནང “ཀྲུང་དབྱིའི་གསོ་རིག་གི་མཁས་དབང ”ཐེངས་རེ་དཔྱད་འདེམས་བྱ་རྒྱུ་ཡིན་པ་རེད།