དབུ་ཤོག>བོད་ལུགས་གསོ་རིག
 • H1N1ཆམ་རིམས་ཀ་པའི་ནད་རྟགས་གཙོ་བོ།

 •     སྤེལ་དུས།  2015-05-07

      གང་ཞིག་ལ་ H1N1ཆམ་རིམས་ཀ་པ་ཟེར་རམ།

      H1N1ཆམ་རིམས་ཀ་པ་ནི་ H1N1ཆམ་རིམས་ཀ་པའི་ནད་དུག་ལས་བྱུང་བའི་དོད་དྲག་རང་བཞིན་གྱི་དབུགས་ལམ་འགོས་ནད་ཅིག་ཡིན། འགོ་ཁུངས་ནི་H1N1ཆམ་རིམས་ཀ་པ་ཕོག་པའི་ཕག་པ་དང་མི་ཡིན།

      གང་ཞིག་བརྒྱུད་ནས་མཆེད་ཀྱི་ཡོད་དམ།

      གཙོ་བོ་ནི་མཁའ་རླུང་དང་། མཆིལ་མ། ཐུག་རེག་བཅས་ལ་བརྟེན་ནས་མཆེད་ཀྱི་ཡོད་པ་སྟེ། ནད་དུག་དེ་ནི་གློ་རྒྱག་པའམ་ཡང་ན་ཧབ་སྦྲིད་བརྒྱབ་ནས་ཕན་ཚུན་འགོ་གི་ཡོད་ཅིང་། ནད་དུག་དེ་རིགས་མི་ནས་མི་བརྒྱུད་དེ་མཆེད་ཀྱི་ཡོད་པ་ར་འཕྲོད་བྱུང་བ་དང་། མི་རྣམས་ཀྱིས་H1N1ཆམ་རིམས་ཀ་པའི་ནད་དུག་ཡོད་པའི་དངོས་པོར་ཐུག་རེག་བྱས་ཚེ་ནད་དེ་འགོ་གི་ཡོད། བཙོས་པའི་ཕག་ཤ་དང་དེ་བཞིན་ཕག་ཤའི་བཟའ་བཅའ་བཟས་ན་སྐྱོན་མེད་ཡིན། (དྲོད་ཚད་71.1℃ལྡན་ན་H1N1ཆམ་རིམས་ཀ་པའི་ནད་དུག་གསོད་ཐུབ )

      མི་གང་ཞིག་ལ་H1N1ཆམ་རིམས་ཀ་པ་འགོ་སླ་པོ་ཡོད་དམ།

      མི་ཚོགས་ལ་སྤྱིར་ན H1N1ཆམ་རིམས་ཀ་པ་ཕོག་སླ་པོ་ཡོད་པ་སྟེ་ལོ་མཚམས་མི་འདྲ་བའི་མི་ཚོགས་ཚང་མར་འགོས་པའི་ནད་དཔེའི་སྙན་ཞུ་ཡོད་པ་དང་། ད་རེས་ཀྱི་རིམས་ནད་འབྱུང་ཚུལ་གཙོ་བོ་ནི་ལོ་20ནས་45བར་གྱི་གཞོན་ནུ་དར་མ་ཡིན།

      H1N1ཆམ་རིམས་ཀ་པའི་ནད་ཐོག་གི་མཚོན་ཚུལ་གང་དང་གང་ཡོད་དམ།

      ནད་གཞི་འགོ་མཁན་གྱི་ནད་རྟགས་དེ་སྤྱིར་བཏང་གི་ཆམ་རིམས་དང་འདྲ་བ་སྟེ། རྟག་ཏུ་ཚ་བ་རྒྱས་པ་དང་། མགོ་ཤུགས་ཆེན་ན་བ། རིག་པ་ཉོབ་པ། ལྟོ་ལ་དང་ཁ་མེད་པ། གློ་རྒྱག་པ། སྣ་ཁུག་འགག་པ། མིག་དམར་པོ་ཆགས་པ་སོགས་ཀྱི་ནད་རྟགས་ཐོན་ལ། ལ་ལར་སྣ་ཆུ་འཛག་པ་དང་། མགྲིན་པ་ན་བ། སྐྱུག་པ་སྐྱུག་པ། གྲོད་པ་བཤལ་བ་བཅས་བྱེད་ཀྱི་ཡོད། ནད་ཚབས་ལྕི་བར་གློ་ཚད་འཁྲིད་དེ་དབུག་འབྱིན་རྔུབ་ཀྱི་ནུས་པ་ཉམས་པར་གྱུར་བ་དང་ཐ་ན་འཆི་གི་ཡོད།

      H1N1ཆམ་རིམས་ཀ་པ་དང་། བྱ་རིགས་ཀྱི་ཆམ་རིམས། སྤྱིར་བཏང་གི་ཆམ་རིམས་བཅས་དབར་གྱི་ཁྱད་པར་གང་ཡིན་ནམ།

      H1N1ཆམ་རིམས་ཀ་པའི་ནད་དུག་དེ་མི་ནས་ཕག་པར་འགོ་བ་དང་ཕག་པ་ནས་མི་ལ་འགོ་སྲིད་ལ་མི་ཚོགས་ཁྲོད་དུ་ཕན་ཚུན་མཆེད་ཀྱང་སྲིད། མི་ཚོགས་ཁྲོད་ཕན་ཚུན་མཆེད་པ་ནི་གཙོ་བོ་ནད་གཞི་དེ་ཕོག་པའི་མིས་གློག་རྒྱག་པའམ་ཡང་ན་ཧབ་སྦྲིད་བརྒྱབ་པ་བརྒྱུད་དེ་འགོ་གི་ཡོད།

      H1N1ཆམ་རིམས་ཀ་པའི་ནད་དུག་གསར་པ་དེ་མིའི་ལུས་པོའི་ཐོག་ནད་རྟགས་མི་མངོན་པར་ཉིན་7བསྡད་རྗེས་གཞི་ནས་ནད་རྟགས་ཐོན་གྱི་ཡོད། H1N1ཆམ་རིམས་ཀ་པ་ཕོག་ནས་ཤི་ཚད་6.77%ཡིན་པས་སྤྱིར་བཏང་ཆམ་རིམས་ཀྱི་ཤི་ཚད་ལས་མཐོ་བ་ཡོད།

      མི་ལ་བྱ་རིགས་ཀྱི་ཆམ་རིམས་ཕོག་ཚུལ་སྐོར། ནད་དུག་དེ་ད་ལྟའི་བར་བྱ་རིགས་བརྒྱུད་དེ་མི་ལ་འགོ་བ་ལས་མི་བརྒྱུད་དེ་མི་ལ་འགོ་བའི་རིགས་ཐོན་མེད། མི་ལ་བྱ་རིགས་ཀྱི་ཆམ་རིམས་ཕོག་ནས་ནད་རྟགས་མི་ཐོན་པའི་དུས་ཚད་ནི་ཉིན་1ནས་3བར་ཡིན་པ་དང་སྤྱིར་བཏང་བྱས་ནས་ཉིན་7ནང་ཚུན་ཡིན། མི་ལ་བྱ་རིགས་ཀྱི་ཆམ་རིམས་ཕོག་རྗེས་ཤི་ཚད་60%ཙམ་ཡིན་ཞིང་། ཤེས་རྟོགས་བྱུང་བའི་ནད་དཔེའི་ཁྲོད་ལོ་13མན་གྱི་བྱིས་པས་བཟུང་བའི་བསྡུར་ཚད་མཐོ་ཙམ་ཡོད་པའི་ཁར་ནད་གཞི་ལྕི་ཙམ་ཡོད། དེའི་ནད་རྟགས་ནི་གཙོ་བོ་ཚ་བ་མཐོ་བ་དང་། གློ་རྒྱག་པ། སྣ་ཆུ་འཛག་པ་སོགས་ཡོད་པ་དང་མང་ཆེ་བར་གློ་ཚད་ཚབས་ཆེན་འཁྲིད་པ་དང་ཚབས་ཆེ་བར་སྙིང་དང་མཁལ་མ་སོགས་དོན་སྣོད་ཀྱི་ནུས་པ་ཉམས་ནས་ཤི་གི་ཡོད།

      སྤྱིར་བཏང་གི་ཆམ་རིམས་སྐོར། ནད་དུག་དེ་ནི་མི་ཕན་ཚུན་འགོ་རེས་བྱེད་པ་དང་གཙོ་བོ་མཁའ་རླུང་དང་མཆིལ་མ་བརྒྱུད་དེ་མཆེད་ཅིང་ཆམ་རིམས་ཕོག་མཁན་དང་དེ་བཞིན་དོད་དྲག་གི་ཆམ་རིམས་ཕོག་མཁན་ནི་ནད་གཞི་འགོ་ཁུངས་གཙོ་བོ་ཡིན། ནད་གཞི་ཕོག་རྗེས་ཀྱི་ཉིན་1ནས་7བར་ནད་གཞི་འགོ་ཤུགས་ལྡན་པ་མ་ཟད་ནད་ཕོག་མ་ཐག་པའི་ཉིན་2ནས་3བར་འགོ་ཤུགས་ཧ་ཅང་ཆེན་པོ་ཡོད། ཆམ་རིམས་ཀྱི་ནད་རྟགས་མི་མངོན་པའི་དུས་ཚད་ནི་ཉིན་1ནས་4བར་ཡིན་པ་དང་ཆ་སྙོམས་ཉིན་2ཡིན། སྤྱིར་བཏང་ཆམ་རིམས་ཕོག་པའི་དབང་གིས་མི་ཤི་བའི་སྣང་ཚུལ་ཐོན་མོད། འོན་ཀྱང་མི་ཤི་ཚད་ཧ་ཅང་དམའ་པོ་ཡིན། ཆམ་རིམས་འགོ་སླ་ཤོས་ཀྱི་མི་ཚོགས་ཁག་བཞི་ནི། རྒན་རྒོན་དང་། མཆིན་ནད་དང་མཁལ་ནད་དང་སྙིང་གི་ན་ཚ་ཡོད་པའི་མི་ཚོགས། རྟག་ཏུ་ཆམ་རིམས་ཕོག་པའི་མི་ཚོགས་ལ་འབྲེལ་གཏུགས་བྱེད་མཁན་སྨན་དོན་མི་སྣ། བྱིས་པ་བཅས་ཡིན།  

      བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་དང་བོད་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ནས།

  འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།