དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལྗོངས་སུ་H1N1ཆམ་རིམས་ཀ་པའི་ནད་ཡམས་ཐོན་རྒྱུ་ནན་འགོག་བྱེད་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-07

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་4ཉིན་གནས་ཚུལ་འབྱོར་གསལ། གསར་འགོད་པར་རང་སྐྱོང་ལྗོངས་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་ཅུས་ནས་ཤེས་རྟོགས་བྱུང་གསལ། ཟླ་4ཚེས་30ཉིན་རྒྱལ་ཁབ་སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱིས་སྤུས་ཚད་ཁོངས་གཏོགས་ཀྱི་མི་ལ་H1N1ཆམ་རིམས་ཀ་པ་འགོ་རྒྱུ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་དོན་གྱི་ཛ་དྲག་བཪྙན་འཕྲིན་ཚོགས་འདུ་འཚོགས་རྗེས་རང་སྐྱོང་ལྗོངས་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་ཅུས་ཀྱིས་མྱུར་དུ་བྱ་སྤྱོད་སྤེལ་བ་དང་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ་H1N1ཆམ་རིམས་ཀ་པའི་ནད་ཡམས་རང་ལྗོངས་སུ་མཆེད་རྒྱུ་ནན་འགོག་བྱས་པ་རེད།  

        ཟླ་4ཚེས་28ཉིན་ནས་བཟུང་འགྲམ་འགག་སྒོ་དང་ལྷ་ས་མཁའ་འགྲུལ་འགག་སྒོ་གཉིས་ལ་འཕྲལ་སྡོམ་གྱི་བྱ་སྤྱོད་སྤེལ་ནས་ཉིན་མཚན་བལྟོས་མེད་ལས་རེས་དང་ནད་ཡམས་གནས་ཚུལ་ཉིན་རེར་སྙན་སེང་དང་ནད་ཡམས་མེད་པའི་སྙན་སེང་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཡོད་ཅིང་། འགག་སྒོ་ཁག་གི་སྒྲིག་གཞིས་རྒྱལ་ཁབ་སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱི་བླང་བྱ་ལྟར་ས་ཁོངས་ཕྱི་ནས་ཡོང་མཁན་གྱི་བདེ་ཐང་གི་གསལ་བཤད་དང་། གཟུགས་པོའི་ཚ་བར་ཞིབ་དཔྱད་ཚད་ལེན། གསོ་རིག་སྐོར་སྐྱོད་ཞིབ་བཤེར། ནད་ཡམས་བརྟག་དཔྱད་དུག་སེལ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ཡོད་པ་དང་། སྤུ་ཧྲེང་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་ཅུས་དང་གྲོ་མོ་ལས་དོན་ཚོགས་ཆུང་གཉིས་ཀྱིས་ཉེ་ཆར་སྔ་སྣུར་དུ་རྡོག་ཐོན་བྱས་ཏེ་འཐབ་ཕྱོགས་དང་པོར་བསྐྱོད་ནས་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཡོད་པ་རེད།

        རང་སྐྱོང་ལྗོངས་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་ཅུས་ཀྱིས་ད་དུང་ཅུས་ཀྱི་འགོ་ཁྲིད་དང་ཚན་པ་ཁག་དང་སྡེ་ཚན་ཁག་གི་འགན་འཁུར་བ་ལས་གྲུབ་པའི་སྔོན་འགོག་ཚོད་འཛིན་འགོ་ཁྲིད་ཚོགས་ཆུང་བཙུགས་ཤིང་། ཅུས་ཀྲང་གིས་སྤྱིའི་འགན་འཁུར་བ་དང་ཏང་ཙུའི་ཁོངས་མིས་ཡུག་བགོས་འགན་འཁུར་བའི་བཀོད་འདོམས་ལམ་སྲོལ་བཙུགས་ནས་རང་སྐྱོང་ལྗོངས་སྲིད་གཞུང་གི་མཉམ་འབྲེལ་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནང་ཧུར་ཐག་ཞུགས་པ་དང་ས་གནས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་དང་ཆ་འཕྲིན་སྤེལ་རེས་དང་མཉམ་འགོག་མཉམ་འཛིན་བྱེད་པའི་ལམ་སྲོལ་ལག་བསྟར་བྱས་ཡོད་པ་རེད།

        འཐབ་ཕྱོགས་དང་པོའི་སྟོབས་ཤུགས་ལ་སྔར་བས་ཤུགས་སྣོན་བརྒྱབ་ཅིང་། ཅུས་འཕྲོད་བསྟེན་ཞིབ་བཤེར་ཁྲུའུ་དང་འཕྲོད་སྦྱོར་ལྟེ་གནས་སོགས་སྡེ་ཚན་ནས་ལས་སྒོའི་རྐང་འཛིན་པ་སྐོང་འཐེན་བྱས་ནས་འགྲམ་དང་གནམ་ཐང་སོགས་འཐབ་ཕྱོགས་དང་པོར་ལས་དོན་ལ་རོགས་རམ་བྱེད་པར་བཏང་བ་དང་། ཟླ་4ཚེས་30ཉིན་ལྗོངས་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་ཅུས་ཀྱིས་བཪྙན་འཕྲིན་གྱི་ཐོག་ནས་མི་ལ་H1N1ཆམ་རིམས་ཀ་པ་འགོ་རྒྱུ་སྔོན་འགོག་ཚོད་འཛིན་བྱེད་པའི་ཆེད་དོན་གསོ་སྦྱོང་བྱས་ནས་ཅུས་ལས་ཁུངས་དང་འགྲམ་ཅུས་ཀྱི་འབྲེལ་ཡོད་མི་སྣ་ཞུགས་པ་ཕུད་ད་དུང་འགག་སྒོའི་མཉམ་འབྲེལ་ཞིབ་བཤེར་སྡེ་ཚན་དང་ཁེ་ལས (ཚོང་དུད )ཀྱི་མི་སྣ་གསོ་སྦྱོང་ནང་ཞུགས་པ། འགྲམ་འགག་སྒོའི་ཞིབ་བཤེར་དང་ནད་ཡམས་བརྟག་ཞིབ་ཅུས་ཀྱི་ས་ཁོངས་སྒྲོལ་ལམ་དུ་མཁོ་བའི་Xའོད་འཕྲུལ་དང་ལྷ་ས་མཁའ་འགྲུལ་འགག་སྒོའི་ས་ཁོངས་སྒྲོལ་ལམ་དུ་མཁོ་བའི་དམར་ཕྱིའི་འོད་ཟེར་གྱི་གཟུགས་པོའི་ཚ་བར་བརྟག་དཔྱད་ཚད་ལེན་བྱེད་པའི་ཡོ་བྱད་ཉོ་སྒྲུབ་བྱས་ནས་ཉེ་ཆར་སྒྲིག་སྦྱོར་བྱས་ཏེ་བེད་སྤྱོད་ཐུབ་པ་བྱ་རྒྱུ། འགག་སྒོའི་སྒྲིག་གཞིར་མཁོ་བའི་འཕྲལ་སྡོམ་དངོས་ཟོག་དང་སྨན་རྫས་དང་ཚོད་ལྟའི་སྨན་རྫས་ཛ་དྲག་ངང་ཉོ་སྒྲུབ་བྱས་པ་དང་མི་ལ་H1N1ཆམ་རིམས་ཀ་པ་འགོ་རྒྱུ་ནན་འགོག་བྱེད་པའི་ཤེས་བྱ་དྲིལ་བསྒྲགས་ཀྱི་ལག་དེབ་པར་འདེབས་བྱས་ནས་འཐབ་ཕྱོགས་དང་པོའི་ཞིབ་བཤེར་དང་ནད་ཡམས་ཞིབ་བཤེར་སྒྲིག་གཞིར་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།