དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལུགས་གསོ་བ་རིག་པ་ལས་བསྟན་པའི་བདེ་སྲུང་སྐོར་གྱི་ཤེས་བྱ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-07

        གསུམ་པ། གང་ལ་རྩོལ་སྤྱད་རན་པོ་ཟེར་རམ་ཞེ་ན། རྩོལ་སྤྱད་རན་པོ་ནི་ལུས་པོའི་འགུལ་བསྐྱོད་འཚམ་པོ་ལ་ཟེར་ཏེ། གཙོ་བོ་འཆམ་འཆམ་དུས་ཡུན་འཚམ་པོ་བྱེད་པ་ལ་གོ རྟག་ཏུ་འཆམ་འཆམ་དུས་ཡུན་འཚམ་པོ་ཞིག་བྱས་ན་ལུས་ཁམས་ཡང་ཞིང་ཚི་ལུ་ཉུང་དུ་འགྲོ་བ་དང་། ལུས་པོ་སྦོམ་སར་སྦོམ་ཞིང་། ཕྲ་སར་ཕྲ་བ་དང་། སྙོམ་སར་སྙོམ་པ་འབྱུང་ལ་ཕོ་བའི་མེ་དྲོད་སྐྱེད་པ་དང་། ལུས་ཁམས་མཁྲེགས་ཤིང་བརྟན་པ་སོགས་དགེ་མཚན་མང་། འོན་ཀྱང་འགུལ་བསྐྱོད་ཀྱི་དུས་ཡུན་ཐུང་དྲགས་ན་མི་ཕན་ལ་ཧ་ཅང་རིང་དྲགས་ནའང་ལུས་ཟུངས་ཟད་པ་སོགས་ཀྱི་ཉེས་པ་འབྱུང་བས་མི་རྔུལ་ཙམ་དུ་བསྟེན་དགོས་པ་ཡིན་ནོ།

        བཞི་པ། ཡང་དག་པའི་གཟུགས་པོ་འཁྲུ་ཐབས་གང་འདྲ་ཡིན་ནམ་ཞེ་ན། རྒྱུན་དུ་ཆུ་གཙང་ཞིང་ཚ་གྲང་རན་པོས་ལུས་པོ་ཡང་ཡང་འཁྲུ་བ་དང་། ལྷག་པར་སྐར་མ་རྀ་ཥིའི་སྐབས་ཆུ་ཀླུང་ལ་ཞག་བདུན་རིང་ཁྲུས་གང་མང་བྱས་པས་ལུས་ཕྱི་ནང་གི་དྲོད་བསྐྱེད་པ་དང་སྟོབས་འཕེལ་བ། ཚེ་བསྲིང་ཞིང་གཟི་མདངས་བསྐྱེད་པ། པགས་ནད་སྣ་ཚོགས་དང་། ཐང་ཆད་པ། སྐོམ་དད་དང་ཚ་བའི་ནད་རིགས་རྣམས་སེལ་ཐུབ། འོན་ཀྱང་ཆུ་ཧ་ཅང་ཚ་པོས་མགོ་བཀྲུས་ན་སྐྲ་བྱི་བ་དང་། སྐྲའི་མདངས་ཡལ་བ། མིག་གི་སྟོབས་དང་གཟི་མདངས་འཕྲོག་པས་ཆུ་ཚ་དྲགས་པ་དང་ཆུ་ཚན་གྱི་ཆུས་མགོ་འཁྲུ་མི་རུང་ངོ།    

        ལྔ་པ། གང་ལ་གནས་སྐབས་ཀྱི་སྤྱོད་ལམ་ཟེར་བ་ནི་གནས་སྐབས་ཕྲད་པའི་བདེ་སྲུང་ཐད་ཀྱི་གནས་ཚུལ་རྣམས་ཡང་དག་པའི་སྒོ་ནས་ཐག་གཅོད་བྱེད་པའི་སྤྱོད་ལམ་ལ་ཟེར། དེ་ལ་སྤྱིའི་ཐོག་ནས་བཤད་ན་བཀྲེས་པའམ་ལྟོགས་པ་དང་། སྐོམ་པ། སྐྱུགས་པ། གཡལ་བ། སྦྲིད་པའམ་ཧབ་སྦྲིད་འབྱུང་བ། དབུགས་ཧལ་བ། གཉིད་བྲོ་བ། ལུད་པ་ལུ་བ། མཆི་མ་འདོན་པ། བཤང་བ་དང་གཅིན་པ་སོགས་འབྱུང་ཉེ་བ་བཅས་ཀྱི་ཚེ་རིམ་བཞིན་དུས་ཐོག་ཏུ་བཀྲེས་པ་ལ་ཟས་ཟ་བ་དང་། སྐོམ་པ་ལ་བཏུང་བ་འཐུང་བ། སྐྱུགས་པར་འདོད་ཚེ་དེ་བཞིན་དུ་སྐྱུགས་པ་སོགས་སྤྱོད་ལམ་མཐུན་པར་བསྟེན་དགོས་པ་ལས་དེ་དག་འབྱུང་ལ་ཉེ་ཡང་ཨུ་ཚུགས་ཀྱིས་བསྲན་པ་དང་འགོག་པ་སོགས་བྱེད་རྒྱུ་མེད་། གལ་ཏེ་དེ་ལྟར་བྱས་ན་ཟས་ལ་དང་ག་མེད་པ་དང་མགོ་ཡུ་འཁོར་བ་སོགས་ཉེས་པ་སྣ་ཚོགས་སྐྱེ་བར་འགྱུར་རོ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།