དང་པོ། ཇི་ལྟར་བྱས་ནས་ནད་མེད་བདེ་བར་གནས་པར་བྱེད་དགོས་སམ་ཞེ་ན། ནད་ལ་རིང་རྒྱུ་དང་ཉེ་བའི་རྒྱུ་གཉིས་ལས་ཉེ་རྒྱུ་རླུང་མཁྲིས་བད་ཀན་གསུམ་དང་། དཔྱིད་ཀ་ལ་སོགས་པའི་དུས་བཞི། མིག་ལ་སོགས་པའི་དབང་པོ་ཡུལ་དང་བཅས་པ། ཉལ་འཆག་འགྲོ་འདུག་ཟ་འཐུང་ལ་སོགས་པའི་སྤྱོད་ལམ་སྤྱི་དང་ཁྱད་པར་བཟའ་བཏུང་གི་བྱེ་བྲག་ཟས་དང་། བཏུང་བ། སྨན་ལ་སོགས་པའི་རོ་དང་ནུས་པ་རྣམས་བསྟེན་ཚུལ་ཚུལ་བཞིན་མ་བྱུང་བ་དང་། ཕྱིན་ཅི་ལོག་པ། མང་དྲགས་པ་བཅས་གསུམ་གྱིས་ནད་ཀུན་སྐྱེད་པས་དེ་བས་རན་ཞིང་འཚམ་པར་བསྟེན་པས་ཐ་མལ་ནད་མེད་ཅེས་ནད་མེད་པར་བདེ་བར་གནས་པ་ཡིན། དེས་ན་སྤྱོད་ལམ་དང་། ཟས། སྨན་བཅས་ཀྱི་བསྟེན་ཚུལ་ཡང་དག་པར་དགོས་པ་གལ་ཆེའོ།
གཉིས་པ། གང་ལ་བཅུད་ལེན་ཞེས་པ་ནི། ལུས་ཀྱི་བཅུད་རྣམས་རྒས་ནས་ཟད་པའམ་ཉམས་པར་གྱུར་པ་རྣམས་སླར་ཡང་ཐོབ་པར་བྱེད་པའི་ཐབས་ལ་བཅུད་ལེན་ཞེས་བྱ་ཞིང་། དེར་སྔོན་འགྲོ་དང་དངོས་གཞི་གཉིས་ལས་དང་པོ་ནི་ཡུངས་དཀར་ལ་སོགས་པའི་འབྲུ་མར་དང་། རྩི་མར་བཞུར་བ་ལས་བྱུང་བའི་ཞུན་མར། སྲོག་ཆགས་གང་ཡང་རུང་བའི་རྐང་མར་རམ་ཚི་ལུ་བཅས་སྣུམ་དེ་དག་ལས་གང་རུང་ཞིག་རླུང་འཇོམས་པའི་ཆེད་དུ་ཟས་སྐོམ་དང་སྦྱར་ནས་ཐེངས་ཁ་ཤས་སྤྱོད་པའམ་ཡང་ན་ལྟོ་བའམ་གྲོད་པ་ཕུད་པའི་ལུས་ཀུན་ལ་མཉེད་འཕུར་རམ་བྱུགས་པ་ཐིམས་པར་བརྒྱབ་རྗེས་དག་པར་འཁྲུ་དགོས་པ་དང་། དེ་རྗེས་འབྲས་བུ་གསུམ་སྟེ་ཨ་རུ་ར་དང་། བ་རུ་ར། སྐྱུ་རུ་ར་བཅས་ཆ་མཉམ་ཐོག་རྒྱམ་ཚྭ་དང་། པི་པི་ལིང་། ཤུ་དག ལྒ་སྐྱ་དང་ཡུང་བ། བྱི་ཏང་ག་རྣམས་བུ་རམ་དང་བ་དམར་གྱི་དྲི་ཆུ་དང་སྦྱར་བའི་རིལ་བུ་སྲན་མ་ལས་ཆེ་ཙམ་སྨན་པའི་ངག་བཞིན་བསྟེན་རྗེས་རླུང་ཤས་ཅན་ལ་སྒོག་སྐྱ་ལེགས་པ་སྲང་11བཙོས་རྗེས་ཞིབ་མོར་བསྣུར་བའི་ཕྱེ་དང་། ཞུན་མར་ཆ་མཉམ་དུ་སྦྱར་བ་ནས་ཀྱི་དཀྱིལ་དུ་ཞག་ཉེར་གཅིག་འཇོག་པ་དང་། དེ་རྗེས་ཞག་ཉེར་གཅིག་རིང་ཉིན་ལྟར་ཐོ་རེངས་བསྟེན་ན་རླུང་ལ་གྱུར་པའི་ནད་མཐའ་དག་སེལ་བ་དང་ཚེ་འཕེལ་བར་བྱེད་དོ། དེ་བཞིན་དུ་ཚ་བ་ཤས་ཆེ་བ་ལ་བྲག་ཞུན་ལེགས་པར་བཏུལ་བའི་ཁཎྜ་དང་གསེར་དངུལ་ཟངས་ལྕགས་ཀྱི་ཐལ་བ་རྣམས་ལྕགས་སྣོད་ཀྱི་ནང་དུ་ནད་ལ་འཕྲོད་པའི་སྨན་རྣམས་དང་སྦྱར་བ་མང་དུ་བསྟེན་ན་རླུང་མཁྲིས་བད་ཀན་རྐྱང་པ་དང་འདུས་པའི་ནད་ཐམས་ཅད་འཇོམས་པ་དང་། ལུས་སྟོབས་རྒྱས་ཤིང་ཚེ་འཕེལ་བ་ཡིན་ནོ། དེ་མིན་གྲང་ཤས་ཅན་ལ་ཙི་ཏྲ་ཀ་ཞིབ་པར་བཏགས་པའི་ཕྱེ་དང་། ཞུན་མར། སྦྲང་རྩི་བཅས་ལེགས་པར་སྦྱར་བ་བསྟེན་པས་ཚེ་རིང་བ་དང་། ལུས་ཟུངས་རྒྱས་པ། ཕོ་བའི་མེ་དྲོད་ལྷག་པར་གསོ་བར་བྱེད། ཙི་ཏྲ་ཀ་ཞིབ་བཏགས་ཀྱི་ཕྱེ་མ་དང་བ་དམར་གྱི་དྲི་ཆུ་སྦྱར་བ་བསྟེན་པས་ཤ་བཀྲ་དང་། མཛེ་ནད་སེལ་ལོ། གསོ་བྱ་སྤྱི་དང་ཁྱད་པར་འདུས་ནད་ཅན་ལ་འབྲས་བུ་གསུམ་གྱི་སྨན་མར་བསྟེན་པས་ཀྱང་དབང་པོ་གསལ་ཞིང་ལུས་སྟོབས་སྐྱེད། རྒས་དཀའ་བའམ་རྒས་འགོར་རུ་འགྲོ། དེ་ལྟར་བཅུད་ལེན་བྱེད་སྟངས་དེ་རབ་ལོ་དང་། འབྲིང་ལོ་ཕྱེད། ཐ་མར་ཡང་ཟླ་ཤས་ཀྱི་བར་དུ་ཡང་དག་པར་བསྟེན་ན་ལུས་སྟོབས་འཕེལ་བ་དང་། དབང་པོ་གསལ་བ། ཚེ་བསྲིངས་བའི་འབྲས་བུ་རྣམས་འགྲུབ་པར་གཞུང་ལས་གསུངས་སོ།