ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། “ད་ཆ་དེང་རབས་ཚན་རྩལ་གྱི་སྐུལ་འདེད་འོག་བོད་ཀྱི་སྐད་གྲགས་ཡོད་པའི་བོད་སྨན་མང་པོ་ཞིག་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་རའི་ཐོག་སྟོན་འགོ་ཚུགས་ནས་བོད་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་སྲོག་ཤིང་ཐོན་ལས་ཤིག་ཏུ་གྱུར་ཡོད ”ཅེས་བོད་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭའི་ཕྱིར་འཚོང་པུའི་ཅིང་ལི་བློ་གྲོས་ཀྱིས་བཤད།
བོད་ལུགས་གསོ་རིག་གི་སྨན་རྫས་རིག་པའི་ནང་ལོ་2000 གོང་ནས “དུག་ཡོད་ཚེ་སྨན་ཡོད་པའི ”ནད་འགོག་ནད་བཅོས་ཀྱི་ཤེས་བྱ་དང་མར་གྱིས་རྨ་ཁ་གསོ་བའི་ནད་ཐོག་ལག་ལེན་བྱ་ལུགས་འཁོད་ཡོད། བོད་སྨན་གྱི་སྨན་རྒྱུ་གཙོ་བོ་དེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲེ་3800ཡན་གྱི་མཐོ་གྲང་ས་ཁུལ་ནས་འཐུས་པ་དང་མཚོ་བོད་ས་མཐོར་སྨན་རྒྱུ་བྱས་ཆོག་པའི་སྐྱེ་དངོས་རིགས་2000ལྷག་ཙམ་དང་། སྲོག་ཆཌ་རིཌ་159གཏེར་རིཌ་ 80 ལྷག་ཙམ་བཅས་ཡོད།
ལོ་ངོ་སྟོང་ཕྲག་འགའ་ཞིག་རིང་ལག་གཉིས་ལ་བརྟེན་ནས་ཐོན་སྐྱེད་བྱེད་པའི་བོད་སྨན་དེ་ད་ཆ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་བ་དང་ལྷག་པར་དུ་དེང་རབས་ཚན་རིག་ལག་རྩལ་སྤྱོད་པ་དང་ཆབས་ཅིག་བོད་སྨན་ཐོན་སྐྱེད་བྱ་རྒྱུ་དེའང་རང་འགུལ་ཅན་གྱི་ཐོན་སྐྱེད་སྒྲུབ་རིམ་དུ་རྩ་བའི་ཆ་ནས་གྱུར་ཡོད།
བོད་སྨན་ཐོན་སྐྱེད་བྱེད་པའི་ལག་རྩལ་དེ་ཚན་རིག་ཅན་དང་། གཞི་ཁྱོན་ཅན། ཚད་ལྡན་ཅན་བཅས་ཀྱི་ཕྱོགས་སུ་སྐྱོད་པ་དང་དུས་མཚུངས་སུ་ཚན་རྩལ་འདུས་ཆེ་བ་དང་གྲགས་ཆེ་ལ་སྤུས་ཁ་དག་པའི་བོད་སྨན་མི་ཉུང་བ་ཞིག་ཀྱང་གསར་སྤེལ་བྱས་ཡོད། སྐབས་26པའི་རི་ནི་ཝ་རྒྱལ་སྤྱིའི་གསར་གཏོད་དང་ཚན་རྩལ་གསར་པའི་འགྲེམས་སྟོན་ཐོག་བོད་ཀྱིས་ཐོན་སྐྱེད་བྱས་པའི “ནོར་ཏི་ཁང ”དང “ཆེས་བྲིན་ཟུག་འཇོམས་སྦྱར་སྨན ”ལ་གསར་གཏོད་ཀྱི་གསེར་གྱི་རྟགས་མ་ཐོབ་པ་དང་འབྲེལ་ཨ་རི་དང་། རི་པིན། ཧན་གོ་སོགས་རྒྱལ་ཁབ་དང་ས་ཁུལ་ཉི་ཤུ་ལྷག་ཙམ་གྱི་ཁྲོམ་རའི་ཐོག་སྟོན་འགོ་ཚུགས་ཡོད།
སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རྒྱལ་ཁབ་ཀྱིས་སྔ་རྗེས་སུ་མི་དམངས་ཤོག་སྒོར་དུང་ཕྱུར་2ལྷག་ཙམ་བཏང་ནས་བོད་དང་མཚོ་སྔོན་ས་ཁུལ་དུ་དེང་རབས་ཅན་གྱི་བོད་སྨན་བཟོ་གྲྭ་བཙུགས་པ་མ་ཟད་GMP རེ་བ་གཞིར་བཟུང་རྒྱལ་སྤྱི་དང་སྦྲེལ་མཐུད་བྱས་ཏེ་སྲོལ་རྒྱུན་གྱི་བོད་སྨན་ཐོན་སྐྱེད་ལས་སྣོན་དང་དེང་རབས་ཀྱི་ཚན་རྩལ་མཐོ་བ་གཉིས་ཟུང་དུ་འབྲེལ་ནས་བོད་སྨན་ཐོན་སྐྱེད་བྱེད་པའི་ལག་རྩལ་ཐད་ཚན་རིག་ཅན་དང་། གཞི་ཁྱོན་ཅན། ཚད་ལྡན་ཅན་བཅས་ཀྱི་ཕྱོགས་སུ་སྐྱོད་འགོ་བཙུགས་ཡོད། བོད་སྨན་ཚན་ཞིབ་ཀྱི་ལས་དོན་དེའང་རིམ་གྱིས་སྤེལ་འགོ་ཚུགས་ཡོད། བོད་དང་། མཚོ་སྔོན། ཀན་སུའུ་སོགས་བོད་ལུགས་གསོ་རིག་གི་སྒྲིག་གཞིའི་ནང་ཚན་རིག་ཞིབ་འཇུག་རྩ་འཛུགས་བཙུགས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་གསོ་རིག་གི་ཚད་ལྡན་ཡིག་ཆ་དང་སྨན་གྱི་ནུས་པ་སོགས་ཐད་རྒྱ་ཁྱབ་གཏིང་ཟབ་པའི་ལེགས་སྒྲིག་དང་། སྔོག་འདོན། ཞིབ་འཇུག་བཅས་བྱས་པ་དང་རྣམ་གྲངས་མང་པོ་ཞིག་རྒྱལ་སྤྱིའི་ཆུ་ཚད་དུ་སླེབས་ཡོད། འདི་ལོ་ཚན་རྩལ་པུས 《བོད་ལུགས་གསོ་རིག་དང་བོད་སྨན་དེང་རབས་ཅན་གྱི་ཕྱོགས་སུ་གོང་འཕེལ་གཏོང་བའི་འགག་རྩའི་ལག་རྩལ་ཞིབ་འཇུག་དང་དཔེ་སྟོན 》དེ་རྒྱལ་ཁབ་ཀྱི “ལོ་ལྔ་ཚན་བཅུ་གཅིག་པའི ”ཚན་རྩལ་འདེགས་སྐྱོར་འཆར་གཞིའི་གཙོ་གནད་རྣམ་གྲངས་སུ་བཞག་པ་དང་མ་དངུལ་སྒོར་ཁྲི་1757རྒྱབ་སྐྱོར་བྱས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་དེང་རབས་ཅན་གྱི་ཐོན་སྐྱེད་བྱེད་པའི་ལག་རྩལ་འགག་སྒྲོལ་བྱས་ཡོད། དེའང་རྒྱལ་ཁབ་ཀྱི་ཚན་རྩལ་འདེགས་སྐྱོར་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་བོད་ཀྱིས་སྒྲུབ་འགན་ལེན་ཐེངས་དང་པོ་དེ་རེད།
མིག་སྔར་བོད་ཀྱི་ས་ཁུལ་ཁག་ཏུ་སྔ་རྟིང་དུ་སྨན་རྩིས་ཁང་དང་བོད་ལུགས་སྡེ་ཁག་བཙུགས་ཡོད་པ་དང་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་ཁྲོད་ཀྱི་ས་ཁུལ་ལྔར་ས་ཁུལ་རིམ་པའི་སྨན་རྩིས་ཁང་རྫོང་75ཁྲོད་ཀྱི་རྫོང་ལྔར་སྨན་རྩིས་ཁང་བཙུགས་ཡོད་པ་དང་རྫོང་70ལ་སྨན་རྩིས་སྡེ་ཁག་བཙུགས་ཡོད། གཞན་ཡང་རྒྱལ་ཡོངས་ས་གནས་ཁག་གི་གྲོང་ཁྱེར་10ལ་བོད་ལུགས་གསོ་རིག་སྒྲིག་གཞི་བཙུགས་ཡོད་པ་དེས་ཐད་ཀར་ནང་སའི་ནད་པ་ཚོར་སྨན་བཅོས་བྱེད་ཀྱི་ཡོད།
བོད་ལུགས་གསོ་རིག་དང་བོད་སྨན་ཁྲོམ་ར་གསར་སྤེལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་བརྒྱུད་བོད་སྨན་ཐོན་ཟོག་མང་དག་ཅིག་ལ་ནད་པ་དང་འཛད་སྤྱོད་པས་དགའ་པོ་བྱེད་པ་དང་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་དེ་རིམ་བཞིན་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་ཐོག་སྐྱོད་འགོ་ཚུགས་ཡོད།
བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཀྱི་མ་བཅོས་རྒྱུ་ཆ་ཐོན་ཡུལ་གཙོ་བོ་ཡིན་པ་དང་བོད་སྨན་འབྱུང་ཁུངས་ཀྱི་གྲས་ཤིག་ཡིན་པའི་བོད་རང་སྐྱོང་ལྗོངས་ཀྱིས་བོད་སྨན་ཐོན་ལས་དེ་རྐང་འཛིན་ཐོན་ལས་སུ་བརྩི་བ་དང་སྲིད་གཞུང་སྡེ་ཚན་གྱིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྲིད་ཇུས་དང་། མ་དངུལ། མི་ཤུགས་སོགས་ཐད་ཀྱི་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ཡོད།
ད་ཆ་བོད་ཀྱི་བོད་སྨན་ཐོན་ལས་དེ་མྱུར་དུ་གོང་འཕེལ་འགྲོ་བའི་དུས་མཚམས་སུ་གོམ་པ་སྤོ་བཞིན་ཡོད། 2007 ལོར་བོད་ཀྱི་སྨན་ལས་ཀྱིས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་5.74 བཏོད་པ་དེ་ལོ་གོང་མ་ལས་ 1.7% མང་དུ་སོང་ཡོད། བོད་ཀྱིས་རྒྱ་ལུགས་ཀྱི་སྨན་བཟོས་མ (བོད་སྨན )ཏུན་1039ཐོན་སྐྱེད་བྱས་པ་དེ་ལོ་གོང་མ་ལས་5.2% འཕར་ཡོད། མིག་སྔའི་བར་བོད་སྨན་ཁེ་ལས་ཀྱིས་བོད་སྨན་སྣ་ཁ་ 350 ལྷག་ཙམ་ཐོན་སྐྱེད་བྱས་པའི་ནང་སྨན་རྩེ་གྲ་སྣ་ཁ་12“རྒྱལ་ཁབ་ཀྱི་ཀྲུང་དབྱིའི་སྨན་རྫས་སྲུང་སྐྱོང་གི་ཁོངས་སུ ”གཏོགས་ཡོད།