དབུ་ཤོག>བོད་ལུགས་གསོ་རིག
  • རིམས་ཆམ་དང་ཆམ་ནད་དཀྱུས་མ་ལ་མི་འདྲ་བའི་ཆ་གང་ཡོད།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-07

        རིམས་ཆམ་དང་ཆམ་ནད་དཀྱུས་མ་མི་འདྲ་བའི་ཆ་གཙོ་བོ་ནི་དེ་གཉིས་ཀྱི་ནད་སློང་རྐྱེན་བྱེད་པའི་རྒྱུ་མཚན་གཅིག་པ་མིན། རིམས་ཆམ་ནི་རིམས་ཆམ་གྱི་ནད་དུག་ཀ་པ་དང་ཁ་པ། ག་པ་གསུམ་གྱིས་བསླངས་པའི་དོས་དྲག་རང་བཞིན་གྱི་དབུགས་ལམ་གྱི་འགོ་ནད་ཅིག་ཡིན་ཞིང་། དེར་མཁའ་རླུང་གི་འགོ་ནད་ཅེས་བརྗོད། ཆམ་ནད་དཀྱུས་མ་སློང་རྐྱེན་བྱེད་པའི་ནད་སོན་རིགས་མི་འདྲ་བ་200ཙམ་ཡོད་ཅིང་། དེའི་ཁྲོད་ནས་ནད་དུག་རང་བཞིན་གྱིས་བསླངས་པ་70%ནས་80%ཙམ་ཟིན་གྱི་ཡོད།

        རིམས་ཆམ་གློ་བུར་དུ་ཕོག་ཅིང་ནད་བབ་ལྕི་བ་དང་། མགོ་ན་བ་དང་མིད་པ་ན་བ་སོགས་ཆམ་ནད་དཀྱུས་མའི་ནད་རྟགས་ཐོན་པ་ཕུད་ད་དུང་ཚ་བ་དྲག་པོ་རྒྱག་པ་དང་ཤ་གནད་ལ་ན་ཟུག་གཏོང་བ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད། ཆམ་ནད་དཀྱུས་མའི་ནད་བབ་ཡང་ཞིང་ནད་དེ་ཕལ་ཆེ་བ་ལུས་པོ་འཁྱགས་རྗེས་ཕོག་གི་ཡོད།

        རིམས་ཆམ་ནི་ས་ཆ་ཆ་ཤས་སམ་ཡང་ན་ཁྱབ་ཆེན་པོས་འགོ་ཁྱབ་བྱེད་ཅིང་། ཆམ་ནད་དཀྱུས་མ་ནི་ཐར་ཐོར་རང་བཞིན་དུ་ཕོག་ནས་འགོ་ཁྱབ་གཞི་རྒྱ་ཆེན་པོ་མེད་ལ་ནད་དེ་ཕལ་ཆེ་བ་དགུན་དུས་དང་དཔྱིད་དུས་ཕོག་པ་མང་ཡང་ཁྱབ་ཆེར་འགོ་ཁྱབ་བྱེད་པའི་ཉེན་ཁ་མེད།

        རིམས་ཆམ་དང་ཆམ་ནད་དཀྱུས་མ་གཉིས་ཀས་ནད་གཞི་གཞན་ཁྲིད་པ་དཔེར་ན་གློ་ཚད་དང་ཡན་ལག་གློ་ཡུའི་གཉན་ཚད། དབུགས་འཚང་བའི་ནད་སོགས་ཕོག་གི་ཡོད། འོན་ཀྱང་ཚབས་ཆེ་བའི་རིམས་ཆམ་གྱིས་ཚེ་སྲོག་ལ་འཇིག་ཉེན་བཟོ་གི་ཡོད་པ་དང་ཆམ་ནད་དཀྱུས་མས་དེ་ཙམ་གྱིས་སྲོག་ལ་ཉེན་ཁ་བཟོ་གི་མེད་ཀྱང་དེར་སྣང་ཆུང་བྱ་རྒྱུ་མེད།

        ང་ཚོས་རྒྱུན་གཏན་འཚོ་བའི་ནང་ཆམ་ནད་དཀྱུས་མར་སྣང་བ་གཏོང་གི་མེད་པས་དེས་ལུས་པོའི་རྨང་གཞི་སྤྱི་སྐྱོ་པོ་ཆགས་ཀྱི་ཡོད། ཁག་ཅིག་གིས་རིམས་ཆམ་ལའང་སྣང་བ་གཏོང་གི་མེད་པས་དེས་རང་ཉིད་ནད་སྡུག་འོག་ཚུད་པ་མ་ཟད་གཡས་གཡོན་དུ་འགོ་ཁྱབ་བྱུང་ནས་ནད་གཞི་རྒྱ་ཆེར་མཆེད་ནས་མིའི་ཚེ་སྲོག་བདེ་ཐང་སྤྱི་ལ་གནོད་འཚེ་ཆེན་པོ་གཏོང་གི་ཡོད། དེར་བརྟེན་ཆམ་ནད་དཀྱུས་མ་དང་རིམས་ཆམ་གང་ཡིན་རུང་དུས་ཐོག་ཏུ་སྨན་བཅོས་བྱས་ནས་ནད་གཞི་ཆུང་ཙག་ནས་བཅོས་ཐབས་བྱེད་དགོས་སོ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།