ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ལམ་ལོ་ཤས་རིང་རྒྱལ་ཁབ་ཀྱིས་མཐོང་ཆེན་དང་རོགས་སྐྱོར་བྱས་པའི་འོག་བོད་ཀྱི་བོད་སྨན་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། བོད་སྨན་ཐོན་ལས་ཁེ་ལས་དེ་སྔའི་ལག་ཤེས་བཟོ་ར་ནས་བཟོ་ལས་ཅན་གྱི་ཐོན་སྐྱེད་ཀྱི་ཕྱོགས་སུ་རིམ་བཞིན་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་སྟེ་བོད་སྨན་ཐོན་སྐྱེད་ཀྱི་ཁེ་ལས་མགྱོགས་མྱུར་འཕེལ་རྒྱས་བྱུང་ནས་བོད་སྨན་ཐོན་སྐྱེད་དེ་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་འགོ་ཚུགས་ཡོད།
གསར་འགོད་པར་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་བོད་ལུགས་གསོ་རིག་དང་བོད་སྨན་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་མིག་སྔར་བོད་དུ་བོད་སྨན་ཐོན་སྐྱེད་ཀྱི་ཁེ་ལས་18 བར་འཕེལ་རྒྱས་བྱུང་ཡོད་པ་མ་ཟད་ཚང་མར་རྒྱལ་ཁབ་ཀྱི་GMP ངོས་འཛིན་ཁས་ལེན་ཐོབ་ཡོད་ཅིང་། བོད་སྨན་ཐོན་སྐྱེད་བྱེད་མཁན་1400 ལྷག་ཙམ་ཟིན་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་བོད་སྨན་ཐོན་སྐྱེད་ཀྱི་ཁེ་ལས་ཀྱིས་བོད་སྨན་སྣ་ཁ་360 ལྷག་ཙམ་ཐོན་སྐྱེད་བྱེད་ཐུབ་པའི་ནང་ནས་རྒྱལ་སྨན་གྱི་ཆོག་འཐུས་ཨང་རྟགས་ཐོབ་པའི་སྨན་སྣ་ཁ་294 དང་། བོད་སྨན་སྣ་ཁ་21 སྨན་གསར་པའི་ཁོངས་སུ་བཞག་པ། སྨན་སྣ་ཁ་20 རྒྱལ་ཁབ་ཀྱི་ཀྲུང་ལུགས་སྨན་རྫས་སྲུང་སྐྱོང་བྱ་ཡུལ་དུ་བརྩིས་པ། བོད་ལུགས་ཀྱི་སྨན་བཟོས་མ་སྣ་ཁ་16 རྒྱལ་ཁབ་ཀྱི་སྨན་མཛོད་ནང་བཞག་པ། སྨན་སྣ་ཁ་31《རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་དཀར་ཆག 》ནང་བཞག་པ་བཅས་བྱས་ཡོད་པ་རེད།
མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་དང་སྦྲགས་བོད་སྨན་བྲིན་ཚོང་གི་དྲ་སྦྲེལ་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་དང་ཚོང་གཉེར་བྱེད་མཁན་ཤེས་ལྡན་མི་སྣ་དང་དཔུང་ཁག་རྒྱལ་ཡོངས་སུ་ཁྱབ་པ་དང་སྨན་རྫས་ཁག་གཅིག་ཕྱི་རྒྱལ་ལ་བྲིན་ཚོང་བྱེད་ཀྱི་ཡོད། 2005 ལོར་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭའི “བདུད་རྩི ”རྟགས་ཅན་གྱི་ཚོང་རྟགས་ལ “ཀྲུང་གོའི་གྲགས་ཅན་ཚོང་རྟགས ”ཀྱི་མཚན་སྙན་ཐོབ་པ་དང་། 2007 ལོར་བོད་ཀྱི་བོད་སྨན་གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ 6.6 ཟིན་པ་དང་། བྲིན་ཚོང་གི་ཡོང་འབབ་སྒོར་དུང་ཕྱུར་ 4.5 ཟིན་པ། ཁྲལ་གྲོན་སྒོར་དུང་ཕྱུར་ 0.56 གོང་འབུལ་ཞུས་ཡོད།
མིག་སྔར་བོད་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་དེ་རང་སྐྱོང་ལྗོངས་བོད་སྨན་བཟོ་གྲྭ་དང་ས་ཁུལ (གྲོང་ཁྱེར )ཁག་གི་སྨན་ཁང་གི་སྨན་བཟོ་ཁང་དང་ཡང་ན་བོད་སྨན་བཟོ་གྲྭས་རྟེན་ས་བྱེད་པའི་ལས་རིགས་ཀྱི་རྣམ་པ་ཞིག་ཆགས་ཤིང་། རྐང་འཛིན་ཁེ་ལས་ཀྱིས་སྣེ་འདྲེན་བྱེད་པ་དང་། ཚན་ཞིབ་གསར་སྤེལ་གྱིས་རྟེན་གཞི་བྱེད་པ། སྲོལ་རྒྱུན་ཐོན་རྫས་དང་ཐོན་རྫས་གསར་པས་འདེགས་སྐྱོར་བྱེད་པ། ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུ་རྨང་གཞིར་བྱེད་པ་བཅས་ཀྱི་བོད་སྨན་ཐོན་ཟོག་གི་ཚོགས་སྤྱི་རིམ་བཞིན་ཆགས་པ་དང་འབྲེལ་གཞི་ཁྱོན་ཅན་དང་ཐོན་ལས་ཅན་གྱི་ཕྱོགས་སུ་རིམ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད།
ཉེ་ལམ་ལོ་ཤས་རིང་བོད་ཀྱིས་ལོ་ལྟར་མ་དངུལ་སྒོར་དུང་ཕྱུར་2 ཡན་བཏང་ནས་བོད་སྨན་ཁེ་ལས་ཚུད་པའི་ཁེ་ལས་ཀྱི་ལག་རྩལ་ཡར་ཐོན་དང་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་ཞིང་། བོད་ཀྱི་ཁེ་ལས་ཀྱིས་བོད་སྨན་གྱི་སྲོལ་རྒྱུན་གསོ་རིག་དང་དེང་རབས་ཀྱི་ལག་རྩལ་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྤྱིན་འཐུམ་སྨན་དང་། བཏུང་བའི་སྨན། རིལ་བུ། སྦྱར་སྨན་སོགས་ཐོན་རྫས་སྣ་ཁ་གསར་པ་ཐོན་སྐྱེད་བྱས་ཡོད།
འདི་ལོ་བོད་ཀྱི་དེང་རབས་ཅན་གྱི་བོད་སྨན་ཐོན་སྐྱེད་ཀྱི་རྟེན་གཞི་དང་པོ་དེ་བསྐྲུན་འགོ་ཚུགས་ཤིང་། བསྐྲུན་ཟིན་རྗེས་རྟེན་གཞིས་བོད་སྨན་རྒྱུན་འཛིན་དང་། ཞིབ་འཇུག་གསར་བཟོ། ཐོན་སྐྱེད་སོགས་ཀྱི་ལས་དོན་སྤེལ་ནས་བོད་ཀྱི་བོད་སྨན་ལས་སྣོན་ཐོན་སྐྱེད་དེ་བློ་རིག་ཅན་དང་། དེང་རབས་ཅན། གཞི་ཁྱོན་ཅན། ཚད་ལྡན་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱ་རྒྱུ་རེད།