དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལུགས་གསོ་བ་རིག་པ་མཁས་ཅན་བྱམས་པ་འཕྲིན་ལས་ཀྱིས་བརྒྱུད་པའི་ལམ་བུ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར   |     སྤེལ་དུས།  2015-05-07

            ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་ 5 ཚེས་ 8 ཉིན་གློག་འཕྲིན་འབྱོར་གསལ། 1940 ལོར་ལོ་ 13 ལ་སླེབས་པའི་ལྷ་ས་འབྲས་སྤུངས་དགོན་པའི་དབེན་ཆུང་བྱམས་པ་འཕྲིན་ལས་བཙུན་མོ་རྒན་མོ་ཞིག་གིས་མོ་བརྒྱབ་སྟེ “གལ་ཏེ་ཕྲུ་གུ་དེས་གསོ་བ་རིག་པ་སྦྱངས་ཚེ་ཕྱིས་འབྱུང་བྱ་གཞག་ཆེན་པོ་བཏོད་དེ་གངས་ལྗོངས་ས་མཐོའི་ཐོག་གི་གྲགས་ཅན་དབེན་རྗེ་ཞིག་ཏུ་འགྱུར་ཐུབ ”ཅེས་བཤད།

            དེ་ནས་བཟུང་བྱམས་པ་འཕྲིན་ལས་ཀྱིས་བོད་ལུགས་གསོ་བ་རིག་པ་སྦྱོང་འགོ་ཚུགས་ཤིང་། དགོན་པ་ནས་ཐོན་ཏེ་བྱམས་པ་འཕྲིན་ལས་དེ་བས་ཡངས་ཤིང་རྒྱ་ཆེ་བའི་ཡུལ་ཁམས་ཐོག་སྐྱོད་པ་དང་ཨེན་ཆུང་ཞིག་ནས་ད་ལྟའི་བོད་ལུགས་གསོ་བ་རིག་པའི་ལས་རིགས་ཀྱི་གཟི་བརྗིད་ཆེ་ཞིང་སྙན་གྲགས་ལྡན་པར་གྱུར། ལོ་ 70 ལ་ཉེ་བའི་ནང་ཁོང་གིས་བོད་ལུགས་གསོ་བ་རིག་པའི་ལས་རིགས་ཐོག་ངོ་མཚར་མི་ཉུང་བ་ཞིག་བཏོད་ཡོད།

            དོན་དངོས་ཐོག་བྱམས་པ་འཕྲིན་ལས་ཀྱིས་བོད་ལུགས་གསོ་བ་རིག་པ་སྦྱོང་བ་དེའང་མེས་པོའི་རྒྱུན་འཛིན་པ་ཞིག་ཡིན་པ་དང་ཁོང་གི་སྤོ་བོ་དང་ཡབ་གཉིས་པོ་ནི་བོད་དུ་སྐད་གྲགས་ཡོད་པའི་སྨན་པ་ཡིན་ཞིང་། ཁོང་གི་སྤོ་བོའི་སློབ་ཕྲུག་ཡིན་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་གསུམ་པའི་སྐུ་བཅར་སྨན་པ་མཁྱེན་རབ་ནོར་བུ་དེ་ཉིད་ཁོང་གི་དགེ་རྒན་ལ་གྱུར།

            བོད་ལུགས་གསོ་བ་རིག་པ་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ས་ཁམས་དང་གནམ་གཤིས་ཀྱི་ཆ་རྐྱེན་འོག་ནད་ཡམས་དང་འཐབ་རྩོད་བྱས་པའི་བརྒྱུད་རིམ་ནང་རིམ་གྱིས་གྲུབ་པ་ཞིག་དང་ད་བར་ལོ་ངོ་ 2300 ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། གྲུམ་ནད་དང་། ཕོ་བའི་ནད། གྲིབ་ནད། སྙིང་དང་ཁྲག་རྩའི་ནད་སོགས་སྨན་བཅོས་བྱེད་པར་བོད་ལུགས་གསོ་རིག་ལ་ཐུན་མོང་མ་ཡིན་པའི་སྨན་བཅོས་བྱེད་ཐབས་ལྡན་ཡོད།

            བོད་ལུགས་གསོ་བ་རིག་པའི་གསུང་རབ་ནང་སྙིང་བཅུད་གཅིག་ཏུ་བསྡུས་ནས་གྲུབ་པའི་1200 ལོའི་སྔོན་གྱི 《རྒྱུད་བཞི 》ནི་བྱམས་པ་འཕྲིན་ལས་ཀྱིས་སློབ་སྦྱོང་བྱེད་པའི་ནང་དོན་གཙོ་བོ་དེ་ཡིན།

            “དྲིན་ཅན་སློབ་དཔོན་གྱི་མཛུབ་ཁྲིད་འོག་ངས་ཉིན་ལྟར་ནམ་མ་ལངས་གོང་ལངས་ནས 《རྒྱུད་བཞི 》ངག་ལ་ཟིན་པ་དང་། སློབ་ཁྲིད་ཉན་པ། ལན་འདེབས་པ་སོགས་བྱེད་ཅིང་། ལོ་དགུའི་རིང་དཀའ་སྤྱད་ཀྱིས་སློབ་སྦྱོང་བྱས་པ་བརྒྱུད་ངས་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱི་ཐོག་ནས་བོད་ལུགས་གསོ་རིག་དང་བོད་སྨན་དང་། གནམ་རིག་སྐར་རྩིས། སྒྲ་རིག་པ་སོགས་ངེས་པར་དུ་སྦྱོང་དགོས་པའི་བོད་ལུགས་གསོ་རིག་སྦྱོང་རྒྱུ་ལེགས་སྒྲུབ་བྱས་པ་དང་སྦྲགས་ཡིག་འབྲུ་ཁྲི་10 ལྷག་ཙམ་ཡོད་པའི 《རྒྱུད་བཞི 》ངག་ལ་ཟིན་པ་ཡིན ”ཞེས་བྱམས་པ་འཕྲིན་ལས་ཀྱིས་གསུངས།

            1951 ལོར་མི་དམངས་བཅིངས་འགྲོལ་དམག་བོད་དུ་བཅའ་སྡོད་བྱས་ཤིང་། བཅིངས་འགྲོལ་དམག་དང་ཐོག་མའི་འབྲེལ་གཏུག་བྱས་པ་དང་དེ་བཞིན་རྗེས་སུ་བཅིངས་འགྲོལ་དམག་ལ་བོད་ཀྱི་སྐད་ཡིག་སློབ་པའི་དགེ་རྒན་གྱི་འགན་འཁུར་བའི་བརྒྱུད་རིམ་ནང་བྱམས་པ་འཕྲིན་ལས་ཀྱིས་བཅིངས་འགྲོལ་དམག་གི “སྲོག་སྐྱོབ་རྨས་སྐྱོར ”གྱི་སྙིང་སྟོབས་དང་དྲིན་ཆེན་སློབ་དཔོན་གྱི་བཀའ་སློབ་གཅིག་གྱུར་ཡིན་པ་ཤེས་རྟོགས་བྱུང་བ་མ་ཟད “འཕེལ་འགྱུར་སྨྲ་བ ”དང་“ངལ་རྩོལ་ལས་འཇིག་རྟེན་གསར་གཏོད་བྱས་པ ”སོགས་ཐོས་མྱོང་མེད་པའི་ཤེས་བྱ་དང་རྒྱུ་མཚན་ཤེས་ཐུབ་པ་བྱུང་བ་དང་དེ་རྗེས་བྱམས་པ་འཕྲིན་ལས་ལ་བོད་ལུགས་གསོ་རིག་དང་དེང་རབས་གསོ་རིག་གཉིས་ཕན་ཚུན་ཟུང་འབྲེལ་བྱས་ནས་བོད་མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུའི་དགོངས་ཚུལ་འཆར།

            སྲོལ་རྒྱུན་བོད་ལུགས་གསོ་རིག་གི་སྨན་བཅོས་བྱེད་སྟངས་ལ་ཚན་ཁག་མི་དབྱེ་བ་དང་ནད་པར་ཡིག་ཚགས་མི་བཟོ་བར་ཞིབ་བཤེར་བརྟག་དཔྱད་བྱེད་ཐབས་སྣ་གཅིག་ཡིན་ཞིང་། 1962 ལོར་བྱམས་པ་འཕྲིན་ལས་ཀྱིས་ལྷ་ས་སྨན་རྩིས་ཁང་གི་ཡོའན་ཀྲང་གི་འགན་བཞེས་ཏེ་སྨན་ཁང་དུ་ཚན་ཁག་ཕྱེ་ནས་སྒོ་བསྟེན་སྨན་བཅོས་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་འགོ་ཚུགས་ཏེ་སྔོན་ཐོན་གྱི་ཞིབ་སྤྱད་ཚད་ལེན་བྱེད་ཐབས་དང་ཡོ་ཆས་ནང་འདྲེན་བྱས།

            བྱམས་པ་འཕྲིན་ལས་ཀྱིས “བྱ་ཐབས་གསར་པ་འགའ་ཞིག་ལག་ལེན་བསྟར་འགོ་ཚུགས་པའི་སྐབས་སུ་འགོག་ཤུགས་འཕྲད་པ་དང་མི་འགའ་ཞིག་གིས་དེ་འདྲ་བྱས་ན་བོད་ལུགས་གསོ་རིག་རྨེག་མེད་དུ་འགྲོ་སྲིད་པའི་ངོས་འཛིན་བྱས་མོད། འོན་ཏེ་ངས་གནོན་ཤུགས་ལ་མི་འཛེམས་པར་ཁྱབ་གདལ་བཏང་བ་ཡིན ”ཞེས་གསུངས། ད་ཆ་སྨན་རྩིས་ཁང་དེ་ཉིད་དེང་རབས་ཅན་གྱི་སྨན་ཁང་ཞིག་ཏུ་འཕེལ་རྒྱས་ཕྱིན་པ་དང་བོད་སྨན་ལ་ཚན་རིག་གི་ཞིབ་འཇུག་བྱེད་པའི་ཐད་ལའང་བྱམས་པ་འཕྲིན་ལས་ཀྱི་སྐུལ་སྤེལ་འོག་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་སྟེ་མཆིན་ནད་ཁ་པ་དང་ལ་དུག་སོགས་བཅོས་པའི་ནུས་ཆེའི་བོད་སྨན་རབ་དང་རིམ་པ་བཟོས་ཡོད་པ་རེད།

            དེ་སྔ་བྱམས་པ་འཕྲིན་ལས་ཀྱིས་བོད་ལུགས་གསོ་རིག་སློབ་གྲྭའི་རྨང་གཞིའི་རིག་པ་དང་། ལུས་ཁམས་རིག་པ། སྨན་ནུས་རིག་པ། ནད་ཀྱི་རྒྱུ་རྐྱེན་སྐོར་གྱི་རིག་པ། ཁོག་ནད་ཚན་ཁག་རིག་པ། ཕྱི་བཅོས་ཚན་ཁག་རིག་པ་སོགས་སློབ་ཚན་ 11 གི་སློབ་གཞིའི་རྩོམ་འབྲིའི་ལས་འགན་བཞེས་པ་དང་དུས་ཡུན་ལོ་གཉིས་རིང་ཡིག་འབྲུ་ཁྲི་ 40 ལྷག་ཙམ་ཡོད་པའི་སློབ་གཞི་ཆ་ཚང་དེའི་རྩོམ་འབྲི་ལེགས་གྲུབ་ཟིན་ཏེ་བོད་དང་། སི་ཁྲོན། ཡུན་ནན། མཚོ་སྔོན། ཀན་སུའུ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་བོད་ཁུལ་དུ་མྱུར་དུ་ཁྱབ་ནས་མི་རྣམས་ཀྱིས་བོད་ལུགས་གསོ་རིག་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་པར་ངེས་པར་སྦྱོང་དགོས་པའི་དཔེ་དེབ་ཅིག་ཏུ་གྱུར། བོད་རིག་པ་མཁས་ཅན་གྱིས་དེ་ནི་ཐེངས་དང་པོར་དེང་རབས་ཀྱི་ལྟ་བར་བརྟེན་ནས་བོད་ལུགས་གསོ་རིག་གི་གསང་བ་ངོ་མ་བརྒྱུད་རིམ་ལྡན་པའི་ངང་མཚོན་པ་དང་ཕྱོགས་སྡོམ་བྱེད་པའི་ཚན་རིག་དང་མཐུན་པའི་གྲགས་ཅན་སྨན་གཞུང་ཞིག་ཡིན་པའི་ངོས་འཛིན་བྱས།

            1998 ལོར་བྱམས་པ་འཕྲིན་ལས་ཀྱི་སྤྱན་གཉིས་པོ་ཡོངས་སུ་ཤོར། ལོ་གཅིག་སོང་རྗེས་སྤྱན་གཉིས་ཤོར་བའི་བྱམས་པ་འཕྲིན་ལས་ཀྱིས 《སྨན་གཞུང་རྒྱུད་བཞིའི་སྨན་ཐང 》བོད་རྒྱ་དང་བོད་དབྱིན་ཤན་སྦྱར་གྱི་དེབ་རྩོམ་འབྲི་གནང་རྒྱུའི་གྲ་སྒྲིག་མཛད། ལས་རོགས་པའི་རམ་འདེགས་འོག་བྱམས་པ་འཕྲིན་ལས་ཀྱིས་དུས་ཡུན་ལོ་ལྔའི་རིང་པར་རིས་ 5000 ལ་རེ་རེ་བཞིན་མཆན་འགྲེལ་གནང་སྟེ་ཁྱོན་ཡིག་འབྲུ་ཁྲི་25 ཡོད་པ་རེད།

            “ད་ལྟ་ངའི་བསམ་འདུན་ཆེ་ཤོས་ནི་བོད་ལུགས་གསོ་བ་རིག་པ་དེ་གཞོན་སྐྱེས་ཚོའི་ལག་ནང་རྒྱུན་མཐུད་ཡག་པོ་ཐུབ་པ་དང་ངའི་ཚེ་གང་རིང་སྨན་བཅོས་བྱས་པའི་ཉམས་མྱོང་མི་རབས་རྗེས་མར་བཞག་ནས་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་དེ་དུས་རབས་གསར་པར་དར་རྒྱས་ཡོང་བ་བྱ་རྒྱུ་དེ་ཡིན ”ཞེས་བྱམས་པ་འཕྲིན་ལས་ཀྱིས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།