པེ་ཅིན་བོད་སྨན་ཁང་གི་ཡོན་ཀྲང་ཧོང་ཧྥུ་ཁའེ་ཡིས་ཉེ་ཆར་བསྡུས་པའི “ཀྲུང་གོའི་བོད་ཀྱི་རིག་གནས་གླེང་སྟེགས ”ཐོག་ཏུ། མིག་སྔར་རང་རྒྱལ་གྱིས་རྒྱལ་ཁབ་ནས་ས་གནས་ཀྱི་བོད་ཀྱི་གསོ་བ་རིག་པའི་ཆེད་ལས་ཞིབ་འཇུག་མ་ལག་ཐོག་མར་བཙུགས་པ་རེད་ཅེས་བཤད། ཧོང་ཧྥུ་ཁའེ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། རང་རྒྱལ་གྱི་དབང་གྲགས་ལྡན་པའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལས་ཁུངས་ཏེ་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་བས་བོད་སྨན་ཞིབ་འཇུག་ཁང་བཙུགས་ཡོད་པ་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཚེ་སྲོག་ཚན་རིག་སློབ་གླིང་གིས་ད་དུང་བོད་ཀྱི་གསོ་རིག་ཆེད་ལས་བཙུགས་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་བོད་སྨན་ཞིབ་འཇུག་ཁང་དང་བོད་ཀྱི་གསོ་རིག་སློབ་གླིང་སོགས་སློབ་ཁྲིད་ཚན་ཞིབ་ལས་ཁུངས་དང་དེ་མིན་བོད་ཀྱི་གསོ་རིག་གི་འབྲིང་རིམ་ཆེད་ལས་སློབ་གྲྭ་བཅས་བཙུགས་ཡོད་པས། བོད་ཀྱི་གསོ་རིག་གི་འཇོན་མི་གསོ་སྦྱོང་བྱེད་པའི་མ་ལག་ཅིག་ཆགས་པ་རེད། ཧོང་ཧྥུ་ཁའེ་ཡིས་བཤད་དོན། མིག་སྔར་བོད་སྨན་ཞིབ་འཇུག་བྱེད་པའི་གནད་ས་དེ་གཙོ་བོ་བོད་སྨན་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་དང་། བོད་སྨན་ནད་ཐོག་སྨན་བཅོས། བོད་སྨན་ཞིབ་འཇུག་དང་གསར་གཏོད་བཅས་ཁྱབ་ཁོངས་ཆེན་པོ་གསུམ་དུ་བསྡུས། ཉེ་བའི་ལོ་འགའི་རིང་བོད་སྨན་གནའ་དཔེ་མང་པོ་ཞིག་བསྒྱུར་ནས་པར་སྐྲུན་བྱས་པ་དང་། གཞི་ཁྱོན་ཧ་ཅང་ཆེ་བའི་མཚོ་བོད་མཐོ་གཞོངས་ཀྱི་བོད་སྨན་ཐོན་ཁུངས་ལ་བརྟག་དཔྱད་བྱེད་པ་ཡོངས་སུ་གྲུབ། 《ཀྲུང་ཧྭའི་བོད་ཀྱི་རྩྭ་སྨན 》དང 《ཀྲུང་གོའི་བོད་སྨན 》སོགས་ཚིག་མཛོད་ཆེན་མོ་པར་སྐྲུན་བྱས་ཤིང་། བོད་སྨན་གྱི་སྨན་ནུས་ཐོན་ལུགས་རིག་པ་ལ་ཞིབ་འཇུག་འབོར་ཆེན་བྱེད་པ་ཡོངས་སུ་གྲུབ་ཅིང་། ནུས་པ་ལྡན་པར་དབྱེ་ཞིབ་དང་བསྡུ་ལེན་བྱེད་པའི་ཕྱོགས་སུ་ཡང་གྲུབ་འབྲས་བླངས།།