ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་སྔོན་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་སྐོར་དང་པོའི་མིང་ཐོའི་ཆོག་མཆན་བཀོད་པ་དང་། བོད་སྨན་སོགས་སྲོལ་རྒྱུན་གྱི་སྨན་དང་སྨན་བཅོས་དག་དེའི་ནང་བཀོད་ཡོད །
རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་སྐོར་དང་པོའི་མིང་ཐོ་ལ་བསྡོམས་པས་རིགས 10དང་རྣམ་གྲངས 518ཡོད་ལ ། སྲོལ་རྒྱུན་གྱི་སྨན་དང་སྨན་བཅོས་ཀྱི་རིགས་ནང་ཀྲུང་ལུགས་གསོ་རིག་གིས་སྲོག་དང་ནད་རིགས་ངོས་འཛིན་བྱེད་ཐབས་དང་། ཀྲུང་ལུགས་གསོ་རིག་གི་བརྟག་བཅོས་བྱེད་ཐབས ། ཀྲུང་སྨན་འདུལ་བའི་ལག་རྩལ ། ཀྲུང་ལུགས་སྨན་རྫས་ལས་སྣོན་གྱི་བྱེད་ཐབས ། ཁབ་བཙའ ། ཀྲུང་ལུགས་ཚིགས་བརྒྱུ་བའི་བཅོས་ཐབས ། ཐུང་རིན་ཐང་ཀྲུང་ལུགས་སྨན་རྫས་ཀྱི་རིག་གནས ། ཧུའུ་ཆིན་ཡུས་ཐང་གི་ཀྲུང་ལུགས་སྨན་རྫས་ཀྱི་རིག་གནས ། བོད་ཀྱི་སྨན་བཅོས་སོགས་རྣམ་གྲངས 9འདུས །
ཀྲུང་ལུགས་སྨན་རྫས་རིག་པ་ནི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་དང་རྒྱུད་སྤེལ་གྱི་གོ་རིམ་ཁྲོད་བྱུང་པའི་ཐུན་མོང་མ་ཡིན་པའི་གསོ་རིག་ཚན་རིག་གི་ཁོངས་གཏོགས་ཤིག་ཡིན་ལ ། ཀྲུང་ལུགས་སྨན་བཅོས་ལ་ལས་སླ་ཞིང་སྟབས་བདེ་བ ། གོ་ཆོད་པ ། གོང་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ ། དེར་མ་ཟད་ནད་ཐོག་ཕན་འབྲས་ཆེ་བ་མངོན་གསལ་ཡིན་ལ་རྩ་ཆེ་བའི་བརྟག་དཔྱད་སྒྲིག་ཆས་སོགས་མི་དགོས་པས་ཁྱབ་གདལ་དུ་བཏང་ན་ཧ་ཅང་སྟབས་བདེ་ཡིན ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས 2003ལོའི 《སའི་གོལ་ཧྲིལ་བོའི་སྲོལ་རྒྱུན་གསོ་རིག་གོང་སྤེལ་ཐད་ཀྱི་འཐབ་ཇུས 》ཁྲོད་ཁབ་བཙའ་དང་། ཀྲུང་ལུགས་སྨན་རྫས་སོགས་སྲོལ་རྒྱུན་གྱི་སྨན་བཅོས་ལས་རིགས་དག་ལ་ད་ལྟ་འཛམ་གླིང་ཡོངས་ནས་མཐོང་ཆེན་གནང་བཞིན་ཡོད་ཅེས་གསལ་བོར་བསྟན་ཡོད ། རྒྱུས་ལོན་བྱས་པ་ལྟར་ན ། མིག་སྔར་འཛམ་གླིང་ཡོངས་སུ་ཀྲུང་ལུགས་གསོ་རིག་གི་སྨན་བཅོས་ལས་ཁུངས་ཁྲི་ཕྲག་འགའ་ཡོད་པ་དང་། ཁབ་བཙའ་འཇོག་མཁན་མི་ཁྲི 10ལས་བརྒལ་ཡོད་པ་རེད ། །