དབུ་ཤོག>བོད་ལུགས་གསོ་རིག
  • བོད་ལྗོངས་ཀྱིས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚད་ལྡན་ཡིག་ཆའི་ཆ་འཕྲིན་ལྟེ་གནས་གཏོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-04-28

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་དུ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚད་ལྡན་ཡིག་ཆའི་ཆ་འཕྲིན་ལྟེ་གནས་གཏོད་འགོ་ཚུགས་པ་དང་ལྗོངས་ཡོངས་ལ་ཁ་ཕྱོགས་པའི་བོད་ལུགས་གསོ་རིག་གི་གནའ་གཞུང་ཚད་ལྡན་ཡིག་ཆ་འཚོལ་བསྡུ་དང་ལེགས་སྒྲིག་ལས་དོན་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་བ་རེད།

    ལོ་ངོ་2000ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་བོད་ལུགས་གསོ་རིག་དང་བོད་སྨན་ནི་བོད་རིགས་མི་དམངས་ཀྱི་དུས་ཡུན་རིང་པོའི་ཐོན་སྐྱེད་དང་འཚོ་བའི་ལག་ལེན་ཕུན་སུམ་ཚོགས་པོ་དང་། ཀྲུང་ལུགས་གསོ་རིག་དང་། གནའ་བོའི་རྒྱ་གར་གྱི་གསོ་རིག གནའ་བོའི་ཨ་རབ་ཀྱི་གསོ་རིག་བཅས་འཚོལ་བསྡུ་གང་ལེགས་བྱས་པ་ལས་རིམ་བཞིན་སྲོལ་རྒྱུན་གྱི་གསོ་རིག་མ་ལག་གཅིག་ཆགས་པ་རེད། མིག་སྔར་ཀྲུང་གོའི་རྒྱལ་ནང་དུ་བོད་ཡིག་གི་གནའ་གཞུང་ཚད་ལྡན་ཡིག་ཆ་ཁྱོན་བསྡོམས་ཁྲི་བརྒྱ་ལྷག་ཙམ་གནས་ཡོད་པའི་ནང་གསུམ་ཆ་གཉིས་ཙམ་བོད་དུ་ཡོད་པ་རེད།

    བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་ཡོའན་ཀྲང་ཉི་མ་ཚེ་རིང་གིས་བོད་ལྗོངས་བོད་ལུགས་གསོ་རིག་གི་གནའ་གཞུང་ཚད་ལྡན་ཡིག་ཆ་གཙོ་བོ་དགོན་སྡེ་དང་། དཔེ་མཛོད་ཁང་། ཡིག་ཚགས་ཁང་། རྟེན་རྫས་བཤམས་མཛོད་ཁང་། མི་སྒེར་གྱི་ཁྱིམ་བཅས་སུ་ཁ་ཐོར་ནས་ཉར་ཚགས་བྱས་ཡོད་ཅིང་། 2010ལོ་ནས་བཟུང་རིགས་གཅིག་མཁས་ཅན་ཚོགས་པས་ཕོ་བྲང་པོ་ཏ་ལ་ལྟེ་བར་བྱས་ནས་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དང་། ཡིག་ཚགས་ཁང་། ལྷ་ས། མངའ་རིས། ལྷོ་ཁ། གཞིས་རྩེ། ནག་ཆུ་སོགས་ས་ཁུལ(གྲོང་ཁྱེར)བཅས་སུ་འཚོལ་བསྡུ་དང་ལེགས་སྒྲིག་གི་ལས་དོན་སྤེལ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    “བོད་ལུགས་གསོ་རིག་དང་བོད་སྨན་གྱི་གནའ་གཞུང་ཚད་ལྡན་ཡིག་ཆ་པོད་800ལྷག་ཙམ་འཚོལ་བསྡུ་བྱས་ཡོད་པའི་ནང་མང་ཆེ་བ་ནི་ཧ་ཅང་མཐོང་དཀོན་པའི་དེབ་རྐྱང་པ་དང་པར་རྒྱུན་ཆད་པའི་དེབ་རེད། ཚད་ལྡན་ཡིག་ཆ་དེ་གྲངས་གཞི་ཅན་གྱི་ཡིག་ཚགས་སུ་ཉར་བ་མངོན་འགྱུར་བྱུང་བ་དང་འབྲེལ《ཀྲུང་གོའི་བོད་ལུགས་གསོ་རིག་གི་པར་མའི་གནའ་གཞུང་དཔེ་དེབ་རྩ་ཆེ》དཔེ་ཚོགས་ལེགས་སྒྲིག་དང་པར་སྐྲུན་བྱས་པར་ཁྱོན་པོད་30དང་ཡིག་འབྲུ་ཁྲི་2700ཡོད་པ་དང་། བོད་ལུགས་གསོ་རིག་དང་བོད་སྨན་གྱི་གནའ་གཞུང་ལག་བྲིས་དེབ་བརྒྱ་ལྷག་ཙམ་བསྡུ་བཀོད་བྱས་པའི་ནང《རྒྱུད་བཞི》ལ་པར་གཞི་མང་པོ་ཡོད”ཅེས་ཉི་མ་ཚེ་རིང་གིས་བཤད་པ་དང་། མཚོ་སྔོན་སོགས་ས་ཆ་དང་ད་དུང་ཕྱི་རྒྱལ་དུ་འཚོལ་བསྡུ་དང་ལེགས་སྒྲིག་གི་ལས་དོན་ཡང་དངོས་སུ་འགོ་ཚུགས་ཡོད་པས་སྔོན་དཔག་བྱས་ན་ལོ་གཉིས་ནང་ཚུན་ལ་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད།

    བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དཔེ་མཛོད་ཁང་གི་འགན་འཁུར་བ་གླང་མཐོང་རྡོ་རྗེ་སྒྲོལ་དཀར་གྱིས་དཔེ་མཛོད་ཁང་དུ་ད་ལྟ་བོད་ཡིག་དེབ་56000ཡོད་པའི་ནང་བོད་ལུགས་གསོ་རིག་དང་བོད་སྨན་སོགས་ཚུད་ཡོད་པས“རྒྱལ་ཕྱི་རྒྱལ་ནང་དུ་ཁྱབ་པའི་བོད་ཡིག་གི་གནའ་གཞུང་འཚོལ་བསྡུ་དང་ལེགས་སྒྲིག་ལས་དོན་ལེགས་སྒྲུབ་བྱུང་རྗེས་གོ་ལ་ཧྲིལ་པོར་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚད་ལྡན་ཡིག་ཆའི་ཆ་འཕྲིན་ལྟེ་གནས་འཛུགས་རྒྱུར་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན་པ་རེད”ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།