“དེ་སྔོན་སྨན་ཁང་དུ་སྡོད་སྐབས་ངེས་པར་དུ་སྔོན་ལ་གཏའ་དངུལ་འཇོག་དགོས་ཀྱི་འདུག འོན་ཀྱང་ད་ཐེངས་སྨན་ཁང་དུ་སྡོད་སྐབས་སྨན་ཁང་གིས་ངའི་བཟའ་ཟླ་ཐད་ཀར་སྨན་ཁང་དུ་ཉར་བ་མ་ཟད། དུས་ཐོག་ཏུ་གཤགས་བཅོས་ཀྱང་བྱས་སོང” ལྷོ་ཁ་ས་ཁུལ་མི་དམངས་སྨན་ཁང་དུ་བཟའ་ཟླ་གཤགས་བཅོས་བྱེད་པར་ཡོང་བའི་ལྷུན་རྩེ་རྫོང་གི་ཞིང་པ་པད་མས་གསར་འགོད་པར་ངའི་བཟའ་ཟླ་འབྲུ་རིགས་དབོར་སྐབས་སྟབས་མི་ལེགས་པར་འགྱེལ་ནས་སྒྲོག་རུས་ཆག་སོང་ཞེས་བཤད། “སྨན་བཅོས་བྱས་རྗེས་སྨན་རིན་སྤྲོད་པའི”ཞབས་འདེགས་ཞུ་ཐབས་སྐོར་ཐེངས་དང་པོ་ཐོས་སྐབས་ཁོང་ཧ་ཅང་དགའ་པོ་བྱུང་ལ་བློའང་བདེ་པོ་བྱུང་། བྱ་ཐབས་གསར་པ་དེ་ལས་ནད་པ་འཕྲལ་མར་སྐྱོབ་ཐུབ་པ་མ་ཟད། ད་དུང་བློ་བདེའི་ངང་སྨན་བཅོས་ཐུབ་པས་སེམས་ཁྲལ་གང་ཡང་བྱེད་དགོས་ཀྱི་མེད།
གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོ་ནས་བཟུང་ལྷོ་ཁ་ས་ཁུལ་མི་དམངས་སྨན་ཁང་དང་། སྨན་རྩིས་ཁང་། བུད་མེད་དང་བྱིས་པ་འཕྲོད་སྦྱོར་སྨན་ཁང་བཅས་སུ“ལེགས་པོ་གསུམ་དང་བློ་ཡིད་ཚིམ་པ་གཅིག”གི་བྱེད་སྒོ་སྤེལ་ནས། “སྨན་བཅོས་བྱས་རྗེས་རྩིས་ཞུ་བྱེད་པའི”སྨན་བཅོས་ཞབས་ཞུའི་ལས་དོན་ཁྱབ་གདལ་བཏང་ནས་ནད་པ་མང་པོ་ཞིག་ལ་ཚེ་སྲོག་བདེ་ཐང་གི“ཐོགས་མེད་བགྲོད་ལམ”བཏོད་པ་དང་། དུས་ཐོག་ཏུ་ནད་པ་ཚོར་བདེ་འཇགས་དང་ནུས་ལྡན་གྱི་སྨན་བཅོས་བྱས་པ། ནད་པའི་དཔལ་འབྱོར་ཁུར་པོ་ཡང་དུ་བཏང་བ་བཅས་ལས་མང་ཚོགས་ཚོར་སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་བྱས་པའི་ཕན་པ་ཐོབ་པ་རེད། ལྷོ་ཁ་ས་ཁུལ་མི་དམངས་སྨན་ཁང་ཕྱི་བཅོས་ཚན་ཁག་གི་ནད་སྐྱོང་པ་ཚེ་སྒྲོན་གྱིས“ང་ཚོ་སྨན་དོན་མི་སྣས་མང་ཚོགས་ལམ་ཕྱོཌ་ལག་ལེན་བསྟར་བ་ནི་ནད་པར‘ཞབས་འདེགས་ཡག་པོ་དང་། སྤུས་ཚད་མཐོ་པོ། སྨན་པའི་ཀུན་སྤྱོད་ལེགས་པོ། མང་ཚོགས་བློ་ཡིད་ཚིམ་པོ’བཅས་ཡོང་བ་བྱ་རྒྱུའི་གཟི་བརྗིད་ལྡན་པའི་ཁས་ལེན་ཞིག་ཡིན”ཞེས་བཤད་པ་རེད།
ལྷོ་ཁ་ས་ཁུལ་མི་དམངས་སྨན་ཁང་ནས་གསར་འགོད་པར་སྨན་ཁང་ནས་དོན་པའི་འགྲོ་ལུགས་གཉེར་བཞིན་པའི་སྣ་དཀར་རྩེ་རྫོང་གི་འབྲོག་པ་བདེ་སྐྱིད་ལྷ་མཛེས་འཕྲད་བྱུང་། ཁོང་གིས“ཞབས་འདེགས་ཞུ་ཐབས་དེ་ལས་ང་ཚོ་མི་སེར་ཚོར་དངོས་གནས་སྟབས་བདེ་མང་པོ་བྱུང་། ཞིང་འབྲོག་ཁུལ་གྱི་མཉམ་ལས་སྨན་བཅོས་ཀྱི་ཁྱིམ་ཚང་རྩིས་ཐོ་དང་། གྲོང་མིའི་ཐོབ་ཐང་ལག་ཁྱེར། རྫོང་དང་ཤང་སྨན་ཁང་གིས་སྤྲད་པའི་སྨན་ཁང་བརྗེ་བའི་དཔང་ཡིག་བཅས་ཡོད་ཚེ། ས་ཁུལ་མི་དམངས་སྨན་ཁང་དུ་སྨན་བཅོས་བྱས་ཆོག སྨན་ཁང་ནས་དོན་སྐབས་རང་ཉིད་ཀྱིས་སྤྲོད་དགོས་པའི་སྨན་རིན་སྤྲད་ན་འགྲིག་གི་འདུག”ཅེས་བསྔགས་བརྗོད་ཡང་ཡང་བྱེད་ཀྱི་འདུག
ལྷོ་ཁ་ས་ཁུལ་མི་དམངས་སྨན་ཁང་གི་ཁོག་ནད་ཚན་ཁག་གི་ནད་ཁང་དུ་ནད་པ་རྒན་མོ་སྒྲོལ་མས“དེ་སྔོན་གློ་བུར་དུ་ནད་གཞི་ཕོག་ནས་སྨན་ཁང་དུ་སྐྱོད་སྐབས་དངུལ་འཁྱེར་རྒྱུ་ལུས་ཚེ་སེམས་འཚབ་ཆེན་པོ་ཡོང་གི་འདུག འོན་ཀྱང་ད་ལྟ་སྨན་བཅོས་ཡག་པོ་བྱས་རྗེས་སྨན་རིན་སྤྲད་ན་འགྲིག་གི་འདུག་ལ། རྣམ་འགྱུར་ཡང་ཧ་ཅང་ཡག་པོ་འདུག”ཅེས་དགའ་སྤྲོའི་ངང་བཤད།
ངོ་སྤྲོད་བྱས་པར་གཞིགས་ན། དུས་ཡུན་རིང་པོའི་ནང་སྨན་ཁང་དུ་ནད་བསྟེན་པར་ཡོང་བ་དང་སྨན་ཁང་དུ་བསྡད་ཚེ་གཏའ་དངུལ་འཇོག་དགོས་པ་མ་ཟད། སྨན་ཁང་དུ་བསྡད་རྗེས་སྨན་རིན་ཧ་ཅང་མཐོ་བས་དཀའ་ངལ་ཡོད་པའི་མང་ཚོགས་རྣམས་བྱ་དཀའ་བྱེད་གཏད་དུ་གྱུར་གྱི་ཡོད་པ་རེད། དེར་བརྟེན་མི་སེར་ཁག་གཅིག་གིས་ན་ཚ་ཆུང་རིགས་བཟོད་སྒོམ་བྱེད་པ་དང་ནད་གཞི་ལྕི་རིགས་ལ་སྨན་བཅོས་དུས་འགྱངས་ཤོར་བའི་གནས་ཚུལ་ཐོན་གྱི་ཡོད། “2014ལོའི་ཟླ་5ཚེས་1ཉིན་ནས་བཟུང་། ང་ཚོས་ས་ཁུལ་དང་རྫོང་ཡོངས་ལ‘སྨན་བཅོས་བྱས་རྗེས་སྨན་རིན་སྤྲོད་པའི’ཞབས་འདེགས་ཞུ་སྟངས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བར་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་བྱུང་། ད་ཆ་ནད་ཆུང་དང་ནད་ཆེན་གང་ཞིག་ཕོག་རུང་རང་འགུལ་ངང་སྨན་ཁང་དུ་བསྐྱོད་དེ་བརྟག་དཔྱད་བྱེད་དགོས་རིགས་བརྟག་དཔྱད་དང་སྨན་ཁང་དུ་སྡོད་དགོས་རིགས་སྨན་ཁང་དུ་སྡོད་པས་སེམས་ཁྲལ་བྱེད་དགོས་ཀྱི་མེད”ཅེས་ལྷོ་ཁ་ས་ཁུལ་མི་དམངས་སྨན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་སྤེན་པས་དེ་ལྟར་བཤད།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་ས་ཁུལ་སྨན་རྩིས་ཁང་དུ་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། ལྷོ་ཁ་ས་ཁུལ་སྨན་རྩིས་ཁང་གི་ཡོའན་ཀྲང་བཀྲ་ཤིས་ཚེ་རིང་གིས་དམངས་ཕན་སྲིད་ཇུས་དེ་དོན་འཁྱོལ་བྱ་ཕྱིར། སྨན་རྩིས་ཁང་གིས་ཚོགས་འདུ་ཐེངས་མང་འཚོགས་ནས། 《ལྷོ་ཁ་ས་ཁུལ་སྨན་རྩིས་ཁང་གི“སྨན་བཅོས་བྱས་རྗེས་རྩིས་ཞུ་བྱ་རྒྱུའི”ཞབས་འདེགས་ཞུ་སྟངས་ཁྱབ་གདལ་གཏོང་རྒྱུའི་ལག་བསྟར་ཇུས་གཞི》དང《ཞིབ་ཕྲའི་ལག་བསྟར་བྱ་ཐབས》ཞིབ་འཇུག་བྱས་ནས་བཟོས་པ་རེད། དུས་མཚུངས་སྒོ་བསྟེན་ཚོམས་ཆེན་དང་། ནད་སྡོད་སྨན་བཅོས་ཁང། ནད་ཁུལ་བཅས་སུ《ལྷོ་ཁ་ས་ཁུལ་སྨན་རྩིས་ཁང་གི“སྨན་བཅོས་བྱས་རྗེས་རྩིས་ཞུ་བྱ་རྒྱུའི”ཞབས་འདེགས་ཞུ་སྟངས་ཀྱི་བརྡ་ཐོ》སྦྱར་ནས་ཞབས་འདེགས་ཞུ་ཡུལ་དང་། སྨན་ཁང་དུ་སྡོད་སྐབས་ནད་པར་དགོས་པའི་ལག་ཁྱེར། “སྨན་བཅོས་བྱས་རྗེས་སྨན་རིན་སྤྲོད་རྒྱུའི”འགྲོ་ལུགས་གཉེར་བའི་བརྒྱུད་རིམ། འགན་བཅོལ་ནང་ཞུགས་པའི་འགྲོ་སོང་རྩིས་ཞུའི་བསྡུར་ཚད་སོགས་ཀྱི་ནང་དོན་བཀོད་ནས་ནད་པས་དུས་ཐོག་ཏུ“སྨན་བཅོས་བྱས་རྗེས་སྨན་རིན་སྤྲོད་པའི”ཞབས་འདེགས་ཞུ་སྟངས་དང་ནང་དོན་ཤེས་རྟོགས་བྱེད་པར་སྟབས་བདེ་བསྐྲུན་ཡོད་པ་རེད།
སྤེན་པས་གསར་འགོད་པར“སྨན་བཅོས་བྱས་རྗེས་སྨན་རིན་སྤྲོད་པའི”སྨན་བཅོས་ཞབས་ཞུའི་བརྒྱུད་རིམ་ལག་ལེན་བསྟར་རིང་དེར་ནད་པའི་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། གཞོགས་འདེགས་ཀྱང་ཧུར་ཐག་བྱེད་ཀྱི་འདུག སྨན་ཁང་གསུམ་དུ་ད་བར་ནད་པ་བྲོས་བྱོལ་དུ་སོང་བའི་གནས་ཚུལ་གཅིག་ཀྱང་ཐོན་མ་སོང་། ད་ཐེངས་ཀྱི་དམངས་ཕན་བྱ་ཐབས་དེ་སྤྱད་པ་བརྒྱུད་ནད་པའི་དཔལ་འབྱོར་གྱི་ཁུར་པོ་ཡང་དུ་སོང་བ་དང་ནད་པ་ཚོར་དེ་བས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་འདེགས་ཞུ་ཐུབ་ནས་སྨན་པ་དང་ནད་པའི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་འདུག་ཅེས་བཤད་པ་རེད།