དབུ་ཤོག>བོད་ལུགས་གསོ་རིག
  • དཔྱིད་དུས་སུ་ཆུ་ལུམས་རྒྱག་པའི་ཤེས་བྱ་དྲན་སྐུལ། 

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-30

    ཆུ་ལུམས་ལ་རང་བྱུང་གི་ཆུ་ཚན་དང་།བཅོས་མའི་ལུམས་གཉིས་ཡོད།ཆུ་ལུམས་རྒྱག་པའི་ཐབས་ཤེས་དེ་ནི་དྲེག་གྲུམ་དང་རྐང་འབམ་ནད་མཇུག་སོགས་ཀྱིས་ཆུ་རྒྱུས་རེངས་འཁུམས་ཆགས་པ་དང་།རུས་ཚིགས་སྦོས་སྐྲངས་ཆགས་པ།གྲིབ་སྐྱོན་རྩ་དཀར་རིགས་ཀྱི་ཡན་ལག་ཞ་བ།ཤ་གྲིམ་ཉམས་རྒུད་དུ་གྱུར་པ།ཁྲག་རྩར་ཚ་བ་བྱེར་ནས་འབུར་འཁྱོག་ཆགས་པ།རྐེད་རྩ་འཆུས་པ།ཤ་བཀྲ་སོགས་པགས་ནད་ཆུ་སེར་གྱི་ནད།རྨ་རྙིང་པ་དང་།རྨ་འབྲས།དོན་སྣོད་ཀྱི་སུར་ཡ།དུག་གི་ནད་རོ།རླུང་གི་སྐྲངས་སྤོས།དེ་མིན་པགས་མདངས་ཉམས་པ།པགས་པ་རྩུབ་པོ་ཆགས་པ་སོགས་མདོར་ན་ནད་རྙིང་བཅོས་དཀའ་བའི་རིགས་ལ་ཕན་ནུས་མངོན་གསལ་དོད་པ་དང་སྟབས་བདེ་བའི་ཁྱད་ཆོས་ཡོད་པ་རེད།འོན་ཀྱང་རིམས་ཚད་དང་།འཁྲུགས་ཚད།སྦྲུམ་མ།ཁྲག་གི་གནོན་ཤུགས་མཐོ་བ།སྙིང་གི་ནད་བཅས་ཀྱི་རིགས་ལ་ལུམས་དང་ཆུ་ཚན་རྒྱག་རྒྱུ་མེད། 

        ཆུ་ལུམས་རྒྱག་པའི་ནམ་དུས།  

    ཆུ་ཚན་དང་ལུམས་རྒྱག་པའི་དུས་ཚོད་དེ་དཔྱིད་ཀ་དང་སྟོན་མཇུག་གི་དུས་དེ་གཉིས་ལ་འཚམ་པོ་ཡོད་པ་རེད།དུས་དེར་གནམ་གཤིས་ཀྱི་དྲོ་གྲང་སྙོམས་པ་དང་།ལྷག་པར་ཆུ་ཚན་གྱི་ནུས་པ་ཆེ་བ།ནད་པའི་ལུས་ཁམས་ལ་འཕྲོད་པ་བཅས་ཀྱི་དགེ་མཚན་ལྡན་ཡོད། 

        བཅོས་མའི་ལུམས་ཀྱི་ཕན་ཡོན་དང་གྲུབ་ཆ།   

    བཅོས་མའི་ལུམས་ཟེར་བ་དེ་ནི་སྨན་རྫས་ལ་བརྟེན་ནས་བཟོས་པ་ཞིག་ཡིན་པ་མ་ཟད།རྩ་ནད་དང་།རུས་ནད།པགས་ནད་སོགས་བཅོས་དཀའ་བའི་ནད་རིགས་གསོ་བཅོས་བྱེད་རྒྱུར་རང་བྱུང་ཆུ་ཚན་ལས་ཀྱང་ནུས་པ་ཆེ་བ་ཡོད་ལ་ཐལ་ཆའི་སྐྱོན་ཆ་ཡང་ཆུང་བ་ཡོད་པ་རེད།

        བཅོས་མའི་ལུམས་ཀྱི་གྲུབ་ཆ།

    བཅོས་མའི་ལུམས་ཀྱི་གྲུབ་ཆ་ནི་མཚེ་ལྡུམ་དང་།བ་ལུའི་ལོ་མ།མཁན་སྐྱ།འོམ་བུ།ཤུག་པའི་ལོ་མ་བཅས་རྩ་བའི་སྨན་སྣ་ལྔ་པོ་ཆ་སྙོམས་བྱས་པ་དེའི་སྟེང་བཤལ་སྐྱུགས་དུག་རིགས་མ་ཡིན་པའི་སྨན་སྣ་གང་འཛོམས་དང་།ལྷག་པར་དུ་བླག་ཞུན་དང་།ཅོང་ཞུ།ཆུ་སེར་གྱི་སྨན་(སྤོས་དཀརཐལ་རྡོསོ་ར)གསུམ།གཟེ་མ།གླ་བའི་རིལ་མ།བུལ་ཏོག་བཅས་བསྣན་ཏེ་མཉམ་དུ་ཧྲོབ་བརྡུང་བྱེད་དགོས། 

        བཅོས་མའི་ལུམས་བསྙལ་སྟངས།  

    ལུམས་ཀྱི་སྨན་ནང་ཆུ་མང་ཉུང་རན་པོ་ཞིག་བླུགས་ནས་འཚོས་བར་བཙོས་པ་དང་སྤྲགས།ཟུར་དུ་སྨན་གྱི་གསུམ་ཆ་གཅིག་ཟིན་ན་འབྲུ་ཆང་བཙོས་རྗེས།དེ་གཉིས་མཉམ་བསྲེས་ཀྱི་ཕབས་གང་མང་བརྒྱབ་ནས་དྲོ་སར་བསྙལ་ཏེ་ལངས་རྗེས་ཆུ་བསྐོལ་གྲང་བརྒྱབ་ནས།ཆང་བསིངས་པ་ལྟར་ཐེངས་གསུམ་བཙགས་ཐོག་ཉར་ཚགས་བྱེད་སའི་སྣོད་ནང་བླུགས་ཏེ།ཁ་དམ་པོར་བཀག་ནས་རླུང་མི་ཤོར་བ་བྱེད་དགོས་པ་དང་འབྲེལ་ཉིན་རེ་དགོས་ཚོད་ལ་གཞིགས་ནས་སྐབས་འཕྲལ་ཚ་པོ་བཟོས་ཏེ་བེད་སྤྱོད་གཏོང་ཆོག་གི་རེད། 

       ཆུ་ལུམས་རྒྱག་སྟངས།  

    ལུམས་རྒྱག་སའི་སྣོད་ནི་ནད་པའི་གནས་ཚུལ་ལ་གཞིགས་ནས་གཏན་འཁེལ་བྱེད་དགོས་ཀྱི་རེད།དཔེར་ན།ལུས་སྨད་ཡོངས་རྫོགས་ལ་ལུམས་རྒྱག་དགོས་བའི་རིགས་ཡིན་ན་ཆེད་མངགས་བཟོས་བའི་ལྕགས་གཞོང་ཁེབས་གཅོད་ཡོད་པ་ཞིག་དགོས་བ་དང་།ལག་པ་དང་རྐང་པ་ཡ་གཅིག་ལྟ་བུ་ཡིན་ན་དེ་མཚུངས་ཀྱི་སྣོད་ནང་སྨན་ཆུ་ཚ་པོ་བཟོས་ནས་བླུགས་ཐོགནད་པ་ཆུར་ཞུགས་རྗེས་མགོ་བོ་ཕྱིར་བཏོན་ནས་ཁེབས་བརྒྱབ་སྟེ་སྨན་ཆུའི་རླངས་པ་ཕྱིར་མ་ཤོར་བ་བྱེད་དགོས་པ་དང་།ལུམས་རྒྱག་པའི་ཉིན་དང་པོར་སྨན་ཆུ་དྲོད་ཆུང་ཙམ་ཡིན་པས་ནས་རིམ་པས་ཚ་རུ་གཏོང་དགོས་ལ།ནད་པ་ཆུར་འཛུལ་བའི་རྗེས་སྔོན་དུ་མགོ་དང་སྙིང་ཁམས་ལ་ཆུ་ལྕག་ཐེངས་ཁ་ཤས་བརྒྱབ་ཐོག་དེ་རྗེས་ནད་གཞི་ཡོད་སར་ཕུར་མཉེ་གང་མང་གཏོང་དགོས་ཀྱི་རེད།ཆུ་ཚན་དང་ལུམས་ནང་ཉིན་དང་པོར་སྐར་མ་སུམ་ཅུ་ཙམ་སྡོད་པ་ནས་ཉིན་རེ་རིམ་བཞིན་དུས་ཚོད་རིང་དུ་བཏང་སྟེ་ཆུ་ཚོད་གཅིག་བར་སྡོད་པ་དང་།དེ་ནས་རིམ་བཞིན་དུས་ཡུན་ཐུང་དུ་བཏང་དུ་སྟེ་མཚམས་གཅོད་དགོས་ཀྱི་རེད།ཆུ་ལུམས་རྒྱག་པའི་ཉིན་གྲངས་ཀྱང་ནད་བབས་དང་ཕན་སྐྱེད་ལ་གཞིགས་ཏེ་བདུན་ཕྲག་གཅིག་ནས་གསུམ་བར་བརྒྱབ་ཆོག་གི་རེད། 

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།