དབུ་ཤོག>བོད་ལུགས་གསོ་རིག
  • སོ་ནད་ཀྱི་ནད་རྟགས་མངོན་ཚུལ་དང་དེའི་བཅོས་ཐབས་བསྟེན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-02-05

    སོ་ནད་ཟེར་བ་དེ་ནི་རྒྱུན་དུ་ནད་ཅིག་ཡིན་པ་མ་ཟད། དེར་སོ་སྲིན་གྱི་ནད་དང་། སོ་རྐང་གི་ནད། སོ་ རྙིལ་གྱི་ནད་བཅས་ཡོད་པ་རེད།

    1. སོ་སྲིན་གྱི་ནད། སོ་སྲིན་ཟེར་བ་དེ་ནི་སོ་རུལ་ནས་ཁ་ཤོ་ཆགས་པའི་ནད་ཅིག་རེད།

    སློང་རྐྱེན། ཟས་རོ་སོ་གསེང་དུ་ལུས་ནས་རུལ་སྐྱུར་ཆགས་པ་དང་། སོ་གྲལ་བསྒྲིགས་པོ་མེད་པ། མངར་སྐྱུར་རིགས་བསྟེན་དྲགས་པ་སོགས་ཀྱིས་སློང་གི་ཡོད་པ་རེད།

    ནད་རྟགས། ཐོག་མར་སོའི་གྲུབ་ཆ་ནག་ཐིག་ཅན་གྱི་རལ་རོལ་ཆུང་ཆུང་ཆགས་པ་དང་། ཟས་སྐོམ་ མངར་མོ་དང་སྐྱུར་མོ། ཡང་ན་ཚ་པོ་དང་། གྲང་མོ། མཁྲེགས་པོ་སོགས་ཕོག་ཐུག་ཡོད་པའི་རིགས་དང་ཐུག་ སྐབས་ན་ཟུག་གཏོང་བ་ནས། མཐར་རལ་རྡོལ་ཆེ་རུ་ཕྱིན་ཏེ་སོའི་རྐང་མར་ལ་ཐུག་སྐབས་མུ་མཐུད་ནས་ བཟོད་ཐབས་མེད་པའི་ན་ཟུག་ཛ་དྲག་པོ་གཏོང་བ་དང་། འགྲམ་པ་དང་རྣ་བའི་རྒྱུད་དུ་ཡང་གཟེར་ཟུག་ རྒྱག་པ་སོགས་ཀྱི་མངོན་ཚུལ་ཡོད་པ་རེད།

    2. སོ་རྐང་གི་ནད། སོ་རྐང་གི་ནད་ཟེར་བ་དེ་ནི་སོའི་ནང་དཀྱིལ་གྱི་རྐང་མར་ལ་གཉན་ཁ་རྒྱས་པ་ ཞིག་རེད།

    སློང་རྐྱེན། ཆང་རག་དང་ལུག་ཤ་སོགས་ཟས་སྐོམ་ཚ་སྐྱུར་རིགས་བསྟེན་པ་སོགས་ཀྱིས་སློང་གི་ཡོད་ པ་རེད།

    ནད་རྟགས། སོ་ལ་རལ་རྡོལ་མེད་རུང་ན་ཟུག་གཏོང་བ་དང་། ཚ་གྲང་འཐབ་དུས་ན་ཟུག་ལྡང་དུབ་ བྱེད་པ་སོགས་ཀྱི་ མངོན་ཚུལ་ཡོད་པ་མ་ཟད། གལ་ཏེ་སོ་རྐང་ལ་གཉན་ཁ་རྒྱས་པའི་ནད་དེ་དུས་ཐོག་ཏུ་ སྨན་བཅོས་བྱེད་མི་ཐུབ་པ་དང་། ཟས་སྤྱོད་ལོག་པ་སོགས་ཀྱི་རྐྱེན་དང་ཕྲད་ན་ད་དུང་སོ་རྙིལ་ལ་གཉན་ཁ་ རྒྱས་ནས་དམར་སྐྲངས་ཆགས་པ་དང་། གཟེར་ཟུག་གཏོང་བ། རྣག་དང་ཆུ་སེར་འཛག་པ། མ་མགལ་གྱི་ རྨེན་བུའམ་འགྲམ་པ་སྐྲངས་ནས་ཐ་ན་རྣག་བསགས་པ་དང་། ཚ་བ་རྒྱག་པ། མགོ་བོ་གཟེར་བ་སོགས་ཀྱི་ མངོན་ཚུལ་ཡོད་པ་རེད།

    3.སོ་རྙིལ་གྱི་ནད། སོ་རྙིལ་གྱི་ནད་ཟེར་བ་དེ་ནི་སོ་རྙིལ་ལ་གཉན་ཁ་རྒྱས་ནས་སོ་རྩར་ཤུགས་རྐྱེན་ ཐེབས་པ་ཞིག་རེད།

    ནད་རྟགས། སོ་རྙིལ་དམར་སྐྲངས་ཆགས་ནས་ན་ཟུག་གཏོང་བ་དང་། ཁྲག་འཛིར་བ། རྣག་བསགས་ པ། སོ་རྩ་འགུལ་བ་དང་འཛར་བ། (སོ་འབམ་ཡང་ཟེར་ )མཐར་སོ་རྩ་ཕྱིར་དོན་པ་སོགས་ཀྱི་མངོན་ཚུལ་ ཡོད།

    བཅོས་ཐབས། སྤྱིར་ན་སྨན་ཁྱུང་ལྔ་ དང་། ཕན་པ་ཀུན་ལྡན། གུར་ཁྱུང་། རྡོ་རྗེ་རབ་འཇོམས། སྤང་རྩི་ བཅུ་གཉིས་སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་ནད་རྟགས་དང་བསྟུན་ནས་བེད་སྤྱོད་བྱེད་དགོས་པ་དང་། ད་དུང་སོ་སྲིན་ལ་བཙན་དུག་དང་པི་པི་ལིང་གི་ཕྱེ་མ་རས་ཐུམ་བརྒྱབ་སྟེ་མར་ཁུར་བཙོས་པ་སོ་རུལ་སྟེང་ དུ་བཟུང་བའམ། ཡང་ན་བཙན་དུག་དང་། གླ་རྩི། མུ་ཟི་ནག་པོ། ཤིང་ཀུན་བཅས་སྦྱར་བའི་རིལ་བུ་སོ་རུལ་ སྟེང་དུ་བཟུང་བ། ཡང་ན་རྟ་དཀར་པོ་སྤུ་སྦུབ་བསྲེགས་བཏང་བའི་ཕྱེ་མའམ་བུལ་ཏོག་ཆུ་བཅད་སོ་རུལ་ སྟེང་དུ་འདེབས་པ། ཡང་ན་ཐང་ཕྲོམ་དཀར་པོའི་འབྲུ་གུ་མར་དང་སྦྱར་ནས་མེར་བསྲེགས་པའི་དུ་བ་སྨུག་ སྦུགས་བརྒྱུད་ནས་སོ་རུལ་སྟེང་དུ་འཐེནཔ་སོགས་ཀྱི་ཐབས་ཤེས་ལ་བརྟེན་ནས་བཅོས་དགོས་པ་དང་། སོ་ རྙིལ་གྱི་ནད་ལ་ནག་མཚུར་གསུམ་ཐང་གིས་མཁུར་བཀང་རྒྱག་པ། སྐྲངས་པོའི་རིགས་ལ་ཚ་དུགས་རྒྱག་པ། སོ་རྩར་གཏར་བ་སོགས་ཀྱི་ཐབས་ཤེས་ལ་བརྟེན་ནས་བཅོས་དགོས་ཀྱི་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།