དབུ་ཤོག>བོད་ལུགས་གསོ་རིག
  • གདོད་མའི་གསོ་དཔྱད་རིག་པའི་འཕེལ་རིམ།

  • ཡོང་ཁུངས།  བོད་ལྗོངས་རིག་གནས་དྲ་བ།   |     རྩོམ་པ་པོ།  རིན་ཆེན་གྱིས་བསྒྲིགས།   |     སྤེལ་དུས།  2015-02-04

    ང་ཚོས་གདོད་མའི་གསོ་དཔྱད་རིག་པའི་འཕེལ་རིམ་ཞེས་གླེང་དུས་ངེས་པར་དུ་བསྐལ་པ་ཡ་ཐོག་གི་འགྲོ་བ་མིའི་རིགས་ཅི་ལྟར་བྱུང་བ་ནས་བཟུང་བོད་རྒྱལ་དང་པོ་གཉའ་ཁྲི་བཙན་པོ་ལ་ཐུག་པའི་བར་གྱི་སྤྱི་ཚོགས་ཀྱི་གནས་བབས་དང་ཤེས་རིག་གི་འཕེལ་རིམ་བཅས་ལ་དབྱེ་ཞིབ་དང་རྒྱུས་ལོན་ཟབ་མོ་ཞིག་བྱེད་དགོས་པས།  དེ་ནི་ཧ་ཅང་གི་ལས་སླ་བོ་ཞིག་མ་རེད།  སྤྱིར་གསོ་དཔྱད་རིག་པའི་ཐོག་མའི་འཕེལ་རིམ་ནི་གདོད་མའི་ཆོས་ལུགས་དང་གནམ་རིག  གནའ་རྫས།  དངོས་ཁམས།  ས་རྒྱུས་སོགས་སྣ་ཚོགས་སྤྱི་འདུས་ཅན་གྱི་རིག་གནས་དང་འབྲེལ་བའི་ཁྱབ་ཁོངས་ཧ་ཅང་རྒྱ་ཆེན་པོ་ཞིག་ཡིན་པས།  རིག་གཞུང་བྱེ་བྲག་པ་ཞིག་དང་རིག་གནས་ཡན་ཀར་བ་ཞིག་ལ་ཇི་འདྲར་མཁས་ཀྱང་དེའི་དབྱེ་ཞིབ་ཀྱི་གྲུབ་འབྲས་ལ་རྔོ་ཐོགས་པར་དཀའ་འོ།།

    དེ་བས་ན་ང་ལྟ་བུ་རིག་གནས་ཀྱི་ཆུ་ཚད་ཤིན་ཏུ་ཞན་པ་ཞིག་གིས་འདི་ལྟ་བུའི་ཟབ་པ་དང་རྒྱ་ཆེ་བའི་རིག་གཞུང་ཞིག་གི་ཐོག་མའི་བྱུང་རིམ་ལ་དབྱེ་ཞིབ་བྱ་རྒྱུ་ཟེར་ན་མུན་ནག་ནང་གི་མདའ་འཕེན་ལྟར་མཁྱེན་དཔྱོད་དང་ལྡན་པའི་མཁས་དབང་རྣམས་ཀྱི་མདུན་སར་འཕྱ་དམོད་དང་བཞད་གད་ཀྱི་གནས་ལས་མ་མཆིས་ནའང་།  མ་འོངས་པར་རང་ཉིད་ཀྱང་བླ་ན་མེད་པའི་བོད་མི་རིགས་ཀྱི་སྙིང་ནོར་ལྟ་བུའི་རིག་གཞུང་འདིའི་རྒྱུད་འཛིན་རྣལ་མ་ཞིག་བྱེད་རྒྱུའི་སྤོབས་པ་དང་ཡིད་ཆེས་ཀྱིས་ཁེངས་ཡོད་པས།  ད་ལྟ་ནས་རེ་བ་བཟང་ས་ནས་རྒྱབ་པ་ཙམ་ཡིན་ན།  ནོར་འཁྲུལ་དང་འགལ་སྐྱོན་ཅི་བྱུང་ཡང་ཐོག་མ་ནས་བཟོད་གསོལ་ཞུ་བ་ཡིན།

    ལོ་རྒྱུས་སྨྲ་བའི་དབང་ཕྱུག་བུ་སྟོན་རིན་ཆེན་གྲུབ་དང་།  འགོས་ལོ་ཙྭ་བ།  སྟག་ཚང་ལོ་ཙྭ་བ་སོགས་ཀྱིས་བོད་ཡུལ་འདི་ཡང་རྒྱ་གར་དང་འདྲ་བར་ཡུལ་དང་མི་རིགས་བསྐལ་བ་ནས་བྱུང་ཟེར་བ་ལྟར།  ལོ་ངོ་དུང་ཕྱུར་མང་པོའི་ཡར་སྔོན་ཞིག་ལ་ལྷོ་བྱང་གི་རྒྱ་མཚོ་ཆེན་པོ་གཉིས་གཡོ་སྐྱོམ་འཐེབ་པའི་སྒུལ་ཤུགས་ཀྱིས་མཁར་བཏེགས་པའི་ཧི་མ་ལའི་རི་ཚོགས་འདི་རྒྱན་མཚན་གྱི་རྩེ་མོའི་ཏོག་ལྟར་གོ་ལ་ཟླུམ་པོའི་དབུ་རུ་བཞེངས་པ་ནས་བཟུང་།  རྒྱ་མཚོའི་གཏིང་གི་སེམས་ཅན་མང་པོ་ཞིག་རིམ་གྱིས་ས་ཁར་ཐོན་ཏེ་རང་བྱུང་ཁམས་ཀྱི་མཛེས་སྡུག་དང་དྭངས་གཙང་གི་མཁའ་དབུགས་བཅས་ལ་ལོངས་སུ་སྤྱད་ཅིང་གོམས་འདྲེས་སུ་གྱུར།  འདི་ལྟར་དུས་ཡུན་རིང་བོ་ཞིག་གི་རྗེས་ནས་སྲོག་ཆགས་མང་པོ་ཞིག་སྐམ་ས་རུ་གཏམ་སྡོད་བྱས་པ་དང་རང་རང་གི་རིགས་རྒྱུད་སྤེལ་ཏེ།  ཁྱུ་ཚོགས་དང་ཕྱོགས་ཁག་གི་རྣམ་པ་བྱུང་བ་ནི་གནའ་བོའི་ལོ་རྒྱུས་ཁྲོད་ན་ཡོངས་གྲགས་ལྟར་ཡིན།  དེའི་བཞིན་ཚེ་སྲོག་གི་ཆེས་ཐོག་མའི་འབྱུང་རྩ་ཡང་རྒྱ་མཚོའི་གཏིང་གི་འབུ་སྲིན་ཆུང་ཆུང་ཞིག་ཡིན་ཟེར་བ་ནི་དངོས་བྱུང་གི་ལོ་རྒྱུས་དང་ཆེས་མཐུན་པར་སྣང་སྟེ།  གང་ལྟར་ངས་བརྗོད་འདོད་པ་ནི་མཐོ་སྒང་ན་བརྟན་ཅིང་བརྗིད་ཆགས་པའི་གནའ་བོའི་མི་རིགས་འདི་ཡང་ལོ་རྒྱུས་ཡིག་ཚང་ལ་ལར་གསལ་བ་ལྟར་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་ཐམ་པའི་རྗེས་ལ་ཁ་བ་ཅན་གྱི་མཚོ་བྲི་ནས་རིམ་བཞིན་སྤྲ་རིགས་ལས་མིའི་འགྲོ་བ་ཐོག་མར་བྱུང་ཟེར་བ་དེ་ལྟ་བུ་ཞིག་མ་ཡིན་པར།  རྒྱ་གར་དུ་མི་ཡི་རྗེ་བོ་ཐོག་མ་མང་བོ་བཀུར་བའི་རྒྱལ་བརྒྱུད་ནས་རྒྱལ་པོ་སྲས་གཙང་ལ་ཐུག་པའི་བར་དུ་རྒྱལ་རབས་ས་ཡ་ཆིག་འབུམ་ཉིས་ཁྲི་ཆིག་སྟོང་ལྔ་བརྒྱ་བཞི་བཅུ་བྱུང་བར་བརྗོད་པ་ལྟར་རང་རེའི་མཐོ་སྒང་སྲིད་པའི་ཡང་རྩེ་འདིར་ཡང་ཡར་ཀླུང་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་མ་བྱོན་གོང་དུ་གནོད་སྦྱིན་དང་བདུད། སྲིན་པོ་དང་ལྷ་འདྲེ།  མ་སངས་དང་ཀླུ།  མི་མ་ཡིན་དང་བྱ་རུ་ཅན་གྱི་རྒྱལ་རབས།  རྒྱལ་ཕྲན་བཅུ་གཉིས།  སིལ་མ་བཞི་བཅུ་སོགས་ཀྱིས་རིམ་བཞིན་དབང་དུ་བསྒྱུར་ཏེ།   ཤེས་རིག་དང་དཔལ་འབྱོར།  ཆབ་སྲིད་དང་དམག་དོན་སོགས་གང་གི་ཆ་ནས་ཀྱང་ཉེ་འཁོར་གྱི་སྟོབས་ལྡན་རྒྱབ་ཁབ་དེ་དག་དང་འདྲ་བར་འཕེལ་རྒྱས་ཀྱི་ཡང་རྩེར་སྙེགས་ཡོད་པ་གོར་མ་ཆག་ལ།  ཁོང་ཚོས་ཀྱང་ཆེས་སྟབས་བདེ་བའི་གདོད་མའི་སྤྱི་ཚོགས་ཀྱི་འཚོ་བ་རོལ་སྟངས་ཤིག་ལས་རང་བྱུང་ཁམས་ཀྱི་འགལ་འདུ་མང་པོ་ཞིག་ལ་འཐབ་རྩོད་དང་རྒོལ་ལན་བསློག་པའི་དུས་རིམ་ངེས་ཅན་ཞིག་གི་ནང་།  བདེ་བ་དུང་ཞིང་སྡུག་བསྔལ་ལ་གཡོལ་ཐབས་བྱེད་པའི་འགྲོ་བ་མིའི་རིགས་ཀྱི་སྤྱིའི་རང་གཤིས་ལྟར།  བཟང་ངན་དང་ཡག་བཙོག  མཆོག་དམན་དང་ཕན་གནོད་སོགས་ཀྱི་དབྱེ་བ་འབྱེད་པའི་རྣམ་དཔྱོད་ཀྱི་རྩལ་ནུས་རྒྱས་པ་མ་ཟད།  ཤ་ཁྲག་དང་ཤིང་ཏོག་ཟས་སུ་རོལ་ཞིང་ཤིང་ལོ་དང་པགས་རློན་གོས་སུ་གྱོན་པའི་འཚོ་བ་ངན་ངོན་གྱི་གནས་བབ་ལས་རིམ་གྱིས་འཕེལ་ཁ་མྱུར་བའི་འགྱུར་ལྡོག་དང་།  གསར་གཏོད་གྱི་སྒུལ་ཤུགས་ལྡན་པའི་དུས་སྐབས་ཤིག་ལ་བར་བརྒལ་བྱས་པ་རེད།

    《བཀའ་ཐང་སྡེ་ལྔ》ལས།  དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ།། ཡུལ་མིང་བོད་ཁམས་གཡའ་དྲུག་བྱ་བར་བཏགས།། རྔ་རྟགས་མདའ་མདུང་མཚོན་ཆ་དེ་ནས་བྱུང་། །དེ་ནས་ཟ་རྔམས་སྐྱེས་དྲུག་དབང་་བྱས་ཏེ།། ཡུལ་མིང་སྟོང་སྡེ་བཅོ་བརྒྱད་བྱ་བར་བཏགས།། རྔ་རྟགས་རྟ་ཞོན་རྣ་ཆ་འདོག་པ་བྱུང་། །ཞེས་པར་ལྟོས་ན་བོད་བཙན་པོ་རིམ་བྱོན་གྱི་སྐབས་སུ་བྱུང་བའི་མཛངས་མི་མི་བདུན་ལ་སོགས་པས་རྡོ་བཞུས་པ་ལས་གསེར་དངུས་ཟངས་ལྕགས་དང་།  ཤིང་བསྲེགས་པ་ལས་སོལ་བ་བྱུང་བ།  ཆུ་ལ་ཟམ་པ་བཙུགས་པ།  ཕུ་ཆུ་ཡུར་དུ་དྲངས་པ།  སྤང་ཐང་ཞིང་དུ་རྨོས་ནས་རྨོན་པ་དོར་དུ་བསྡེབས་པ་སོགས་ལོ་ངོ་ཉིས་སྟོང་ཙམ་གྱི་སྔོན་ལ་གཞི་ནས་གསར་གཏོད་བྱས་པར་གྲགས་པའི་ལྟ་ཚུལ་གུ་དོག་པོའི་འཆིང་རྒྱ་དམ་པོ་དེ་ཡང་ལས་སླ་བོའི་ངང་ནས་གསེད་བཀྲོལ་བྱས་ཡོད་པ་མ་ཟད།  བོད་མི་རིགས་ནི་ལོ་ངོ་ཁྲི་སྟོང་དུ་མའི་ཡར་སྔོན་ནས་འཚོ་བ་རུ་ཁག་ཏུ་གྲུབ་ཅིང་རྟོག་སད་ཀྱི་རྣམ་རིག་་བཀྲ་བའི་གསར་གཏོད་ཀྱི་སྣེ་མོར་འགྲེངས་ཡོད་པ་འདིའི་སྟེང་ནས་ཀྱང་རང་རེ་ནི་ཆེས་གནའ་པོའི་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཡིན་པ་རྟོགས་ཐུབ་བོ།།

    གཞན་ཡང་འཛམ་གླིང་གི་ཡུལ་གྲུ་གཞན་ནས་རྙེད་ཐབས་དབེན་པའི་རིན་ཆེན་གཟིའི་རིགས་ནི་མཐོ་སྒང་གི་ཡུལ་གྲུ་ཁོ་ན་ནས་བྱུང་བའི་རིག་རྫས་རྩ་ཆེན་ཞིག་ཡིན་པ་མ་ཟད།  དེ་ནི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རིག་རྫས་རྙིང་པ་དག་གི་ཁྲོད་ན་ཆེས་འོད་སྟོང་རབ་ཏུ་འཕྲོ་བཞིན་པའི་ཤུལ་བཞག་གི་རིག་གནས་འགངས་ཆེན་ཞིག་ཀྱང་རེད།  ཡིན་ནའང་འཕོ་འགྱུར་ཆེ་བའི་་ལོ་རྒྱུས་ཀྱི་དཀྱོག་མཚམས་དག་ནས།  དངོས་རྫས་འདིའི་ཆེས་ཐོག་མའི་འབྱུང་སྤོས་དང་གྲུབ་ཆ་རྣམས་ང་ཚོའི་ཡབ་མེས་རྣམས་ཀྱི་ཕུལ་བྱུང་གི་ལག་རྩལ་ལས་ཐོན་པའི་རྫས་ཆོས་ཤིག་ལས་རིང་དུ་གྱེས་ཏེ་རང་བྱུང་གི་འགྱུར་རྡོ་ལྟ་བུའི་དངོས་པོ་ཞིག་གམ་ཡང་ན་གཟུགས་མེད་ཀྱི་ལྷ་འདྲེ་གང་རུང་ཞིག་གི་རྒྱན་ཆ་ས་རུ་ཟེགས་པ་ཡིན་པར་བརྗོད་པ་སོགས་གསང་བ་ལྐོག་གྱུར་གྱི་དཔྱད་གཏམ་མང་པོ་ཞིག་སྤེལ་ཡོད་ནའང་།  དོན་དངོས་རིན་ཆེན་གཟིའི་རིགས་ཀྱི་རྒྱུ་སྤུས་དང་གྲུབ་ཆ་རྣམས་ལ་བརྟག་དཔྱད་དང་དབྱེ་ཞིབ་ནན་མོ་བྱས་པའི་གྲུབ་འབྲས་ཁྲོད། གཟིའི་རིགས་ནི་རང་རེ་མེས་པོ་དག་གིས་བླ་མེད་ཀྱི་རིག་སྟོབས་དང་ཕུལ་བྱུང་གི་ལག་རྩལ་གྱིས་བསྐྲུན་པའི་ཐོན་རྫས་ཁྱད་པར་བ་ཞིག་དང་།  ཁོང་ཚོས་དེ་སྐེ་དང་ལུས་ལ་རྒྱན་ཏེ་སྒེག་ཆོས་ཀྱིས་སྤྲོས་པའི་མཛེས་དཔྱོད་ཀྱི་རིན་ཐང་དེ་མྱོང་རྟོགས་བྱས་ཤིང་།  ལྷག་པར་དུ་རྫས་སྦྱོར་གྱི་གྲུབ་པའི་བྱེད་ནུས་ཁྱད་པར་ཅན་དེས་ལྐོར་གྱུར་རང་བཞིན་ཅན་གྱི་གནོད་འཚེ་མང་པོ་ཞིག་ལ་དབང་བསྒྱུར་བྱེད་ཐུབ་པའི་སྟོབས་ཤུགས་ལྡན་ཡོད་པ་ཡང་ཁོང་ཚོས་གནའ་སྔ་མོ་ནས་ཤེས་རྟོགས་བྱུང་ཡོད་པ་འདིས་ཀྱང་རང་རེའི་མེས་པོ་དག་ནི་བཟོ་རྩལ་དང་ཤེས་རིག་གི་དཔལ་ཡོན་དར་བའི་ཆེས་གདོད་མིའི་མི་རིགས་རླབས་ཆེན་ཞིག་པ་ཡང་གསལ་པོར་མཚོན་ཡོད་པས་སོ།།

    དེའི་བཞིན་དུ་གནའ་རྫས་ཞིབ་འཇུག་གི་དཔང་རྟགས་ལ་གཞིགས་ན་ཧ་ལམ་མི་ལོ་ཁྲི་ཕྲག་གཉིས་གསུམ་གྱི་གོང་རོལ་དུ་མདོ་དབུས་མཐོ་སྒང་དུ་མིའི་རིགས་ཀྱི་ཚོ་ཁག་ཏུ་གྲུབ་ཅིང་རྡོ་ཆས་དང་རུས་ཆས་སོགས་ཞིབ་ཚགས་ལྡན་པའི་ཅ་ལག་བེད་སྤྱོད་བྱས་ཡོད་པ་མ་ཟད།  གཅན་གཟན་དང་རི་དྭགས་གཡུང་དུ་ཕབ་ཏེ་སྒོ་ཕྱུག་གསོ་བའི་འབྲོག་ལས་དང་སྤང་ཐང་ཞིང་དུ་རྨོས་ནས་དོར་ཁ་རྩིས་པའི་ཞིང་ལས་ཐོན་སྐྱེད་ཀྱི་ངལ་རྩོལ་བཅས་བྱེད་འགོ་ཚུགས་ཡོད་པར་བརྗོད་པ་ནང་བཞིན།《བོད་ལྗོངས་གནའ་རྫས་རྟོག་དཔྱོད་སྤྱི་བཤད》 ལས་ཀྱང་།  བོད་ལྗོངས་ཀྱི་དིང་རི་དང་བྱང་ཐང་།  ཡུལ་ཤུལ་སོགས་ནས་ཐོན་པའི་རྡོ་ལེབ་དང་རྡོ་རྡེའུ་སོགས་རྡུང་བཟོ་བྱས་པའི་རྡོ་ཆས་ཉིས་བརྒྱ་དང་ལྔ་བཅུ་ལྔ་བརྒྱད་ལྷག་རྙེད་སོན་བྱུང་ཡོད་པ་རྣམས་ལ་བརྟག་དཔྱད་བྱས་པ་ལྟར་ན།  རྡོ་ཆས་དེ་དག་ནི་རྡོ་ཆས་རྙིང་པ་དང་དཀྱིལ་མའི་དུས་ཀྱི་ཡིན་ལ།  དེང་གི་བར་མི་ལོ་ཁྲི་ཕྲག་བཅུ་ནས་ཉི་ཤུ་ཡས་མས་འདས་ཟིན་པར་བརྗོད་པར་ལྟོས་ནའང་གངས་རིའི་མུ་འཁྱུད་ཀྱིས་མཐའ་ནས་སྐོར་བའི་མཐོ་སྒང་གི་ཡུལ་གྲུབ་འདི་རུ་མི་མེད་ལྷ་འདྲེ་དང་གཅན་གཟན་སྡུག་པ་ཅན་གྱིས་བཀང་བའི་མཐའ་འཁོལ་གྱི་གནས་ངན་ཞིག་སྟེ་ཕྱེས་སུ་རྒྱ་དཀར་ནག་སོགས་ཀྱི་རུས་རྒྱུས་གང་རུང་ཞིག་ལས་མཆེད་པ་ཡིན་ཟེར་བ་དེ་ལྟ་བུ་ཞིག་མ་ཡིན་པར་རང་རེའི་མི་རིགས་འདི་ནི་རུས་རྒྱུས་དཀར་པོ་གངས་ནས་མཆེད་ཅིང་ཟུངས་ཁྲག་དྭངས་མོ་རྫ་ནས་བཞུར་བའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་བཙན་པོ་ཞིག་སྟེ་མཐོ་སྒང་གི་གཞི་འཛིན་དང་པོ་དེ་ཡིན་པ་ཡང་འདི་དང་འདི་བུའི་མདོ་དབུས་མཐོ་སྒང་གི་ས་འོག་ནས་ཐོན་པའི་གནའ་རྫས་མང་པོ་ཞིག་གིས་གསལ་སྟོན་བྱས་ཡོད།

    གཞན་ཡང་རྒྱ་ནག་གི་ལོ་རྒྱུས་ནང་དུ་ཀྲུང་གོའིོ་མི་ཡིས་ལོ་ངོ་བརྒྱད་སྟོང་གི་ཡར་སྔོན་ནས་བྲ་བོ་དང་འབྲས་སོགས་འདེབས་འགོ་བརྩམས་ཡོད་པར་བརྗོད་པ་ནང་བཞིན་རང་རེ་བོད་ལྗོངས་ཆབ་མདོའི་ས་ཁུལ་ནས་ཐོན་པའི་རིག་རྫས་རྙིང་བ་དེ་དག་གི་ཁྲོད་དུ་ཡང་འབྲུ་རིགས་སྣ་ལྔའི་ས་བོན་གསོག་གཉེས་བྱས་ཡོད་པར་ལྟོས་ན། རང་རེའི་མེས་པོ་དག་གིས་ཀྱང་གདོད་མའི་འཚོ་བ་ངན་ངོན་གྱི་དུས་ཡུན་ལས་རིམ་གྱིས་འཚོ་བའི་ཆ་རྐྱེན་ཇེ་ལེགས་དང་རིག་པའི་འཐུས་སྒོ་ཇེ་ཚང་དུ་སོང་བའི་ཁྲོད།  སེམས་ཅན་རི་དྭགས་གཡུང་དུ་ཕབ་པ་དང་དེའི་འོ་མ་དཀྲོགས་པའི་སྙིང་པོ་ལས་མར་བཏོན་བྱས་པ།  འབྲུ་རིགས་སྣ་ལྔ་སོན་དུ་བཏབ་ནས་དེའི་དྭངས་མ་ལས་ཆང་ཕབ་པ་སོགས་ཤེས་རིག་གི་གསར་གཏོད་ཚད་ངེས་ཅན་ཞིག་ལ་བསླེབས་ཡོད་པ་མ་ཟད།  འཁྱག་རླུང་དང་གྲང་རེག་རྒོད་པའི་མཐོ་སྒང་གི་མཁའ་རླུང་རྩུབ་མོའི་ཁྲོད།  ཤ་ཆང་མར་གསུམ་ནི་ལུས་ཁམས་ལ་སྟོབས་ཤུགས་དང་དཔའ་ངར་རྒྱས་པའི་བཅུད་ལྡན་གྱི་ཟས་མཆོག་ཉག་གཅིག་དེ་ཡིན་པ་ཡང་ཁོང་ཚོས་གནའ་སྔ་མོ་ནས་རྟོགས་ཡོད་པས་སོ།།

    དེ་ལྟ་དེ་ལྟར་གསོ་དཔྱད་རིག་པའི་ཕ་མ་ནི་ཕྱཱ་དཔྱད་ཡིན་ཟེར་བ་ལྟར་རི་བོ་གངས་ཅན་པའི་ཡུལ་ལུང་འདིར་ཡང་བརྡོལ་བོན་དང་བདུད་བོན་ལ་སོགས་པའི་ཆོས་ལུགས་ཀྱི་བྱེད་སྒོ་མང་དུ་དར་ནས་ལྷ་ཀླུ་གཉན་གསུམ་དང་ཉི་ཟླ་གཟའ་སྐར་ལ་སོགས་པར་སྐྱབས་སུ་བཟུང་སྟེ་དམར་མཆོད་དང་རྨོངས་དད་ཀྱི་འདུ་ཤེས་ཆེས་ཆེར་དར་བའི་དུས་སྐབས་ཤིག་སྟེ།  སྤྱི་ལོའི་སྔོན་གྱི་ལོ1997ཤིང་ཕོ་བྱི་བའི་ལོར་སྟོན་པ་གཤེན་རབ་མི་བོ་ཆེ་འཁྲུངས་ནས་གཡུང་དྲུང་བོན་གྱི་་བསྟན་པ་རིན་པོ་ཆེ་གསར་གཏོད་མཛད་པ་ནས་བཟུང་།  གངས་ལྗོངས་ཤེས་རིག་རྣལ་མའི་ཉིང་བཅུད་ཀྱི་དྭངས་མ་ཁ་འབབ་བཞིའི་རླབས་འཕྲེང་ལྟར་ཕྱོགས་ནས་ཕྱོགས་སུ་འཕྱོ་ཞིང་།  ལྷག་པར་དུ་སྟོན་པ་མཆོག་གིས་རང་གི་ཐུགས་སྲས་དཔྱད་བུ་ཁྲི་ཤེས་དང་སློབ་མ་གཏོ་འབུམ།  གསལ་བའི་སེང་གེ་ལ་སོགས་པའི་དྲང་སྲོང་ཆེན་པོ་བརྒྱད་ལ།  དཔྱད་ཀྱི་རྒྱུད་སྡེ་ཆེན་པོ་ལྔ།  མདོ་སྡེ་ཆེན་པོ་དགུ།  མན་ངག་ཡན་ལག་བརྒྱད་ལྡན།  ཉིང་ལག་ཉིས་ཁྲི་ཆིག་སྟོང་ལ་སོགས་པའི་སྨན་དཔྱད་ཀྱི་གཞུང་ལུགས་མང་པོ་གསུངས་པ་ནས་གསོ་དཔྱད་ཀྱི་བསྟན་པ་རྒྱ་ཆེར་དར་སྤེལ་བ་བཏང་ཡོད།

    དེ་བཞིན《བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་བསྐལ་བཟང་མགྲིན་བཟང》ལས་ཀྱང་། གསུམ་པ་ཡེ་རྗེ་སྨན་བླའི་རྒྱལ་པོ། །བྱུང་བའི་གསོ་བ་རིག་པའི་འབུམ་སྡེ་ནི། །གསོ་བྱེད་ནད་འབུམ་ནག་དང་འཚོ་བྱེད་ཀྱི།། དཔྱད་འབུམ་ཁྲ་བོ་རྣམ་རྒྱལ་དཀར།། འོལ་གླིང་གནས་སུ་དཔྱད་བུ་ཁྲི་ཤེས་ལ།  །འགྲོ་བའི་ནད་ཀྱི་ཟུག་རྔུ་སེལ་བ་དང་།  །ལུས་སྲོག་འཚོ་བར་བྱེད་པའི་ཕྱིར་དུ་བསྟན།  །ཞེས་པ་ལྟར་རང་རེའི་མེས་པོ་དག་གིས་ཆེས་གནའ་སྔ་མོ་ཞིག་ནས་གསོ་དཔྱད་རིག་པའི་གཞུང་ལུགས་ཡིག་ཐོག་ཏུ་ཕབ་ནས་དར་འཕེལ་རྒྱ་ཆེར་བཏང་ཡོད་ནའང་།  ཡོངས་གྲགས་སུ་བོད་ཀྱི་གསོ་བ་རིག་པ་ནི་བོད་ཀྱི་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་དབུ་བརྙེས་ཏེ་སྲོང་བཙན་སྒམ་པོའི་སྐབས་ལ་ཁྱབ་སྤེལ་དང་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ལ་སྤྲུལ་བའི་སྲས་གསུམ་དང་།  བླ་སྨན་ཆེན་པོ་དགུ་ལ་སོགས་པ་བྱོན་ནས་བོད་ཀྱི་གསོ་བ་རིག་པ་དར་འཕེལ་གྱི་རྩེ་མོར་སོན་པ་བྱས་པ་བོད་ཀྱི་ལོ་རྒྱུས་ཡིག་ཆ་གང་མང་ཞིག་གི་ནང་དུ་བསྐྱར་བསྡུས་བྱས་ཡོད།  དོན་དངོས་བོད་ཀྱི་གསོ་བ་རིག་པ་ནི་འདི་ལྟ་བུའི་དུས་ཡུན་ཐུང་ངུ་ཞིག་གི་ནང་ལ་དར་འཕེལ་དུ་སོང་བ་ཞིག་ཡིན་ན་ཞེ་ན། གཏན་ནས་མ་ཡིན་ཏེ། དུས་རབས་གསུམ་པའི་ནང་དུ་བོད་ལ་བྱོན་པའི་བི་བྱི་དགའ་བྱེད་དང་མི་དགའ་ལྷ་མཛེས་གཉིས་ཀྱིས་རྒྱ་གར་གྱི་ཚེ་ཡི་རིག་བྱེད་བོད་དུ་ཐོག་མར་དར་སྤེལ་བཏང་བ་རེད་ཟེར་ན་ང་ཚོས་ཁས་ལེན་དུ་རུང་བ་ཞིག་ཡིན་རུང་།  འདི་ཡིས་བོད་ལ་ཐོག་མར་གསོ་བ་རིག་པ་དར་བའི་བདེན་དཔང་བྱེད་ག་ལ་ཐུབ་སྟེ།  གཡུ་ཐོག་ཡོན་ཏན་མགོན་པོ་རང་ཉིད་ཀྱིས་རྒྱ་གར་གྱི་སྨན་པའི་དྲི་བར་ལན་གནང་སྐབས།  ཞང་ཞུང་གི་ལུགས་ལ་ནད་ཐུར་དུ་སྦྱོང་བཤལ་གྱི་རྒྱུད་དང་།  གཡུང་དྲུང་བོན་གྱི་ལུགས་ལ་ནད་ཞི་བར་བྱེད་པ་དུགས་ལུམས་བྱུགས་གསུམ་གྱི་རྒྱུད།  བོད་ཀྱི་ལུགས་ལ་ནད་གསོ་བར་བྱེད་པ་གཉེན་པོ་བཞི་ལྡན་གྱི་རྒྱུད་ཡོད་ཅེས་པར་ལྟོས་ནའང་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་གཞི་ནས་བོད་ཀྱི་གསོ་བ་རིག་པ་དབུ་ཚུགས་པ་ཞིག་མ་ཡིན་པ་གསལ་པོར་མཚོན་ཡོད།

    དེ་བཞིན་སྟག་ཚང་ལོ་ཙཱ་བས།  གངས་ཅན་བོད་ཀྱི་གསོ་དཔྱད་ནི།  །གཉའ་ཁྲི་བཙན་པོ་མ་བྱོན་གོང་།  །སྟོན་པ་གཤེན་རབ་མི་བོ་ཆེ།  །ཞང་ཞུང་འོལ་མོ་ལུང་རིང་བལྟམས།  །དཔྱད་སྡེ་ཉིས་ཁྲི་ཆིག་སྟོང་མཛད།  །དཔྱད་བུ་ཁྲི་ཤེས་ལ་སོགས་པའི།  །རྗེས་འཇུག་མཁས་པ་མང་བསྐྱངས་ནས།  །བོད་ཡུལ་གསོ་དཔྱད་བསྟན་སྤེལ་ཞེས།  །གཡུང་དྲུང་བོན་ལ་རླུང་ལྟར་གྲགས།  །ཞེས་དང་།  ཕྱོགས་སུ་མ་ལྷུང་བའི་ལོ་རྒྱུས་ཀྱི་དྲང་ཚིགས་ནས་བུད་དེ་དངོས་ཡོད་ལ་ཕྱོགས་སྟོན་བྱས་ཡོད་པ་དང་།《ཏུང་ཧོང་ནས་ཐོན་པའི་བོད་ཀྱི་གསོ་རིག་ཡིག་ཆ་གདམས་བསྒྲིགས》ལས་ཀྱང་།  གཉིས་པ་མེ་བཙའི་བཅོས་ཐབས་ཞེས་པའི་འཇུག་བྱང་དུ་དཔྱད་ཡིག་ནི་ཕྱག་སྦའ་ན་ཡང་མྱེད་དེ།  དཔྱད་ཡིག་ཕུགས་པ་དང་སྦྱར་ཏེ་བགྱིད་པ་ལགས་སོ་ཞེས་དང་།   གཞན་ཡང་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པའི་ནང་དུ་བྱོན་པའི་བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་ཐོག་མར་ཁྲི་ཁར་ཕེབས་དུས་དོགས་པ་དྲུག་གནང་པའི་ལན་དུ།  རྩིབས་ལྷ་སྐར་མ་ཡོལ་སྡེ ཡིས་བོད་འདིར་དུག་ལ་སྨན་ཡོད།  སྡང་ལ་བྱམས་ཡོད།  དགྲ་ལ་གཉན་ཡོད་ཅེས་དྲི་བ་རེ་རེ་བཞིན་གདེང་ཚོད་དང་ལྡན་པའི་ལན་གྱིས་བསྙད་ཡོད་པ་དང་། ལྷག་པར་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི《ཁོགས་འབིགས》ལས་ཟས་ལ་ཕན་གནོད་ཤེས་པ་ཙམ་དང་།  རྨ་གསར་བ་ལ་མར་ཁུ་བཏང་ནས་རྨ་ཁ་སྡོམ་པ།  སྦང་མའི་འཇིབ་བྱེད་པ་ལས་སོགས་པ་ཀློ་བ་དང་བོད་ཡུལ་དུ་མི་ཆགས་པ་ནས་བཟུང་ཡོད་ཅེས་གསལ་པ་སོགས་གང་ལ་ལྟོས་ནའང་ཡུན་རིང་སྤྱི་ཚོགས་འཚོ་བའི་ཉམས་མྱོང་རིམ་བསགས་ཀྱི་བརྒྱུད་རིམ་ནང་དུ་རང་རེའི་མེས་པོ་དག་གི་ཕུགས་འདུན་འཚོལ་བའི་སྙིང་སྟོབས་ལ་དུས་དང་འཚམས་པའི་ཤེས་རིག་གི་བླ་སྲོག་ཞུགས་ཡོད་པ་མ་ཟད།  འཛམ་གླིང་རྩེ་མཐོའི་མིའི་ལུས་ཁམས་དང་མཐུན་པའི་གསོ་དཔྱད་རིག་པའི་གཞུང་ལུགས་མང་པོ་ཞིག་ཀྱང་ཆེས་གནའ་མོ་ནས་གསར་གཏོད་དང་གཏན་འབེབས་བྱས་ཡོད་པ་ནི་དུས་རབས་ཀྱི་ངོ་གདོང་ན་ལོ་རྒྱུས་ཀྱིས་གསལ་སྤྲོས་བྱས་ཡོད་པ་འདིའོ།།

    སྤྱིར་གདོད་མའི་མིའི་རིགས་ཀྱི་སེམས་ཁམས་ནི་ཆེས་ཡ་མཚན་པའམ་སྨྲ་བསམ་བརྗོད་འདས་ཤིག་ཡིན་ཏེ།  ཁོང་ཚོས་ཅིའི་ཕྱིར་མེ་དང་འོད་ལ་དད་པ་བྱས་པ་ཡིན་ནམ།  དགོས་པ་གང་ཞིག་གི་ཆེད་དུ་རི་བྲག་ཤིང་ནགས་ལ་སོགས་པར་སྐྱབས་སུ་བཟུང་བ་ཡིན་ནམ།  གང་ལྟར་དོགས་སློང་དང་ཚོད་བགམ།  ཐབས་ལམ་དང་ཉམས་མྱོང་སོགས་རིམ་བསགས་ཀྱི་བརྒྱུད་རིམ་ཁྲོད་ནས་རང་བྱུང་གི་ཁམས་ཆེན་པོ་འདི་ལ་ཡང་གོམས་འདྲེས་དང་རྒྱུས་ལོན་ཇེ་ལེགས་སུ་ཕྱིན་ཏེ་མི་ནི་བྱེད་པ་པོ་གང་རུང་ཞིག་གིས་བསྐྲུན་པའི་རང་བྱུང་ཁམས་ཀྱི་བྲན་གཡོག་དེ་མ་ཡིན་རང་ཉིད་ཀྱི་ནུས་པ་དང་གསར་གཏོད་ཀྱི་བློ་སྤོབས་ནི་ཀུན་གྱི་དོ་ཟླ་དབེན་པ་མ་ཟད།  རང་ཉིད་ནི་རང་གི་མགོན་ཡིན་པའི་གནས་ལུགས་ཀྱང་རང་རེའི་མེས་པོ་རྣམས་ཀྱིས་གནའ་སྔ་མོ་ནས་རྟོགས་ཡོད་པས་སོ།།

    ལྷག་པར་དུ་རང་བྱུང་གི་ཟས་རིགས་གང་ཞིག་ཁ་རུ་ཟོས་ན་ལུས་ཟུངས་ལ་ལ་གནོད་པར་བྱེད་པ་ངོས་ཟིན་པ་ནས་བཟུང་དེ་ལས་ལྡོག་སྟེ་ཟས་སྤྱོད་གང་ཞིག་བསྟེན་ན་ལུས་ཟུངས་ལ་ཕན་ནུས་སྐྱེད་པའི་ཕན་ཚུན་ལྟོས་གྲུབ་ཀྱི་རིག་པ་དེ་ཡང་ཤེས་རྟོགས་བྱུང་ཡོད་པ་ནང་བཞིན།  མེད་དུ་མི་རུང་བའི་ཕན་ཚུན་གཞོགས་འདེགས་ཀྱི་ངལ་རྩོལ་ལ་བརྟེན་ནས་ཤེས་རིག་གི་ཁོར་ཡུག་བསྐྲུན་པ་དང་།  ཤེས་རིག་གི་ཁོར་ཡུག་དེ་ལྟ་བུ་ཞིག་གིས་བསྐྱེད་བསྲིང་བྱས་པའི་མི་བུའི་སྙིང་སྟོབས་ལས།  སའི་གོའི་སྟེང་དུ་དབུགས་ལྡན་གྱི་ཚེ་སྲོག་ཐོག་མར་བྱུང་བ་ནས་བཟུང་དེ་ལ་གནོད་པར་བྱེད་པའི་ནད་ཅེས་པ་ཡང་ཧ་ལམ་ཅིག་ཅེར་དུ་བྱུང་ཡོད་ཟེར་བ་ནང་བཞིོན།  ནད་གང་ཞིག་སེལ་བར་བྱེད་པའི་གཉེན་པོ་སྨན་ཡང་དེ་དང་འབྲེལ་བའི་འབྱུང་བཞིའི་ངོ་བོ་ལས་གྲུབ་པ་ཞིག་ཡིན་པས་ན་ལུས་ནད་གཉེན་པོ་བདག་ཉིད་གཅིག་ཏུ་འབྲེལ་བའི་སྡོམ་ཚིག་བཙན་པོ་རི་རབ་ལྟ་བུ་ཡང་རང་རེའི་མེས་པོ་རྣམས་ཀྱིས་གནའ་སྔ་མོ་ཞིག་ནས་བཀོད་ཡོད་པའོ།།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།