ཧུའུ་ཁྲང་ཧྲེང་གིས་ལྷ་སའི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་སྐབས་ནན་བཤད་གནང་དོན།
“ལྟེ་བའི་གྲོང་ཁྱེར་སྟོབས་ཆེར་གཏོང་བའི”འཐབ་ཇུས་ལག་བསྟར་བྱེད་པར་ཚད་གཞི་དང་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་སྟེ་ས་ཁོངས་གཅིག་ལ་འོད་མདངས་འཚེར་དགོས་ལ་སྤྱི་ཡོངས་ལ་བཀྲག་མདངས་དེ་བས་འཚེར་བར་བྱེད་དགོས།

འདི་ནི་ཚེས་28ཉིན་གྱི་ཕྱི་དྲོར། བློ་མཐུན་ཧུའུ་ཁྲང་ཧྲེང་གིས་ཁོངས་གཏོགས་ཀྱི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ལྷ་སའི་འཐུས་མི་ཚོགས་པར་ཕེབས་ནས་འཐུས་མི་ཚོ་དང་མཉམ་དུ་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་སྒྲོན་ལ་གྲོས་བསྡུར་གནང་བཞིན་པ།
ཚེས་28ཉིན་གྱི་ཕྱི་དྲོར། བློ་མཐུན་ཧུའུ་ཁྲང་ཧྲེང་གིས་ཁོངས་གཏོགས་ཀྱི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ལྷ་སའི་འཐུས་མི་ཚོགས་པར་ཕེབས་ནས་འཐུས་མི་ཚོ་དང་མཉམ་དུ་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་སྒྲོན་ལ་གྲོས་བསྡུར་གནང་བ་རེད།
ཁོང་གིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱེད་པ། “སྐུལ་འདེད་གཏིང་ཟབ་གཏོང་བ་ལྔའི”ཤུགས་རྒྱག་ས་གཙོ་བོའི་ཁ་ཕྱོགས་གཞི་རྩར་འཛིན་པ་བཅས་བྱས་ནས། “ལྟེ་བའི་གྲོང་ཁྱེར་སྟོབས་ཆེར་གཏོང་བའི”འཐབ་ཇུས་ལག་བསྟར་བྱེད་པར་ཚད་གཞི་དང་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་སྟེ་ས་ཁོངས་གཅིག་ལ་འོད་མདངས་འཚེར་དགོས་ལ། སྤྱི་ཡོངས་ལ་བཀྲག་མདངས་དེ་བས་འཚེར་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ས་གནས་ས་ཐོག་ཏུ་གྲོས་བསྡུར་གྱི་རྣམ་པ་འཁྲུག་ཆ་དོད་ཅིང་། འཐུས་མི་ཟླ་བ་ཚེ་རིང་དང་། ཞུས་ཧའེ། ཚེ་རིང་བཟང་པོ། འཇིགས་མེད། པད་མ་གཡུ་སྒྲོན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད། ཚང་མས་སྙན་སྒྲོན་གྱི་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད་པ་དང་། གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་པ་དངོས་ཐོག་བདེན་འཚོལ་དང་། དུས་བབ་ལ་དབྱེ་ཞིབ་བྱས་པ་ཚན་རིག་དང་མཐུན་ཞིང་གནད་ལ་སྨིན་པ། འཆར་གཞི་བཀོད་པ་མི་སེམས་ལ་སྐུལ་མ་ཐེབས་པ་བཅས་ཡོད་པས། དེ་ནི་ཆབ་སྲིད་ཀྱི་མཐོ་ཚད་དང་། བསམ་བློའི་ཟབ་ཚད། འགན་འཁྲི་འཁུར་ཤུགས། དམངས་འཚོའི་དྲོ་སྐྱིད་བཅས་ལྡན་པའི་སྙན་སྒྲོན་ཡག་པོ་ཞིག་རེད་ཅེས་མགྲིན་གཅིག་ཏུ་གསུངས། གཏམ་བཤད་གནང་སྐབས་ཚང་མས་རང་འགུལ་ངང་དུས་བདེ་དང་བརྟན་ལྷིང་གི་རྣམ་པ་གཏོད་པ་དང་། རིག་དངོས་དང་གནའ་ཤུལ་སྲུང་སྐྱོང་དང་བེད་སྤྱོད། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གླིང་ཁུལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཐད་ལ་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།
ཧུའུ་ཁྲང་ཧྲེང་གིས་གཏམ་བཤད་ནན་ཏན་ངང་གསན་པ་མ་ཟད་གཞི་རིམ་གྱི་འཐུས་མི་དང་གྲོས་བསྡུར་སྤེལ་རེས་ཡང་ཡང་གནང་ཞིང་། ཁོང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་གི་ཡོད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱིས་བོད་ཀྱི་ལས་དོན་གྱི་ཁ་ཕྱོགས་རང་བཞིན་དང་། སྤྱི་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ལན་བརྒྱབ་ཡོད། དེ་ནི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་འཛིན་དང་བླ་སྲོག་ལྟ་བུ་རེད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་འཆར་འགོད་དང་། ལས་འགན་བཀོད་སྒྲིག ལག་ལེན་གྱི་ཐབས་ལམ། རྩ་དོན་དང་བྱེད་ཐབས་བཅས་ཚན་རིག་དང་མཐུན་ལ་འཕྱུགས་པ་མེད་པར་ཁོང་དུ་ཆུད་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཚད་གཞི་དང་ཡང་ཡང་བསྡུར་བ། ཡོ་ཁྱད་ཤོར་བ་དུས་ཐོག་ཏུ་དག་བཅོས་བཅས་བྱས་ནས་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་ཐུབ་པར་འགན་ལེན་བྱེད་དགོས། ལས་འགན་དང་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་ནས། ཏང་གི་འཐུས་མི་ཚོགས་ཆེན་ཐོག་ཏུ་གཏན་ལ་ཕབ་པའི་དམིགས་ཚད་ལས་འགན་སྔར་བས་ཞིབ་ཚགས་སུ་དང་དོན་དངོས་སུ་འགྱུར་བར་བྱེད་པ་དང་། ཤུགས་རྒྱག་ས་དང་། འགྱོགས་རྟེན། འདེགས་ཤིང་བཅས་རྙེད་པ་བྱེད་པ། དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་ཐབས་འཆར་འགོད་གཏིང་ཟབ་བྱེད་པ་བཅས་ལ་བརྟེན་ནས་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོས་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་དགོས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་བློ་བརྟན་འགྱུར་མེད་ངང་གཅིག་ཏུ་བསྒྲིལ་ནས། ལས་སྒྲུབ་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། སེམས་ནུས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་དང་མེས་རྒྱལ་ལ་ཕྱོགས་པའི་གོང་བུ་སྒྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྒྲུབ་ཕོད་པ་དང་། མཆོང་ཕོད་པ། བྱེད་ཕོད་པ། གསར་གཏོད་བྱེད་ཕོད་པ་བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་གཟུངས་མདངས་ཉམས་གསུམ་བློ་བརྟན་འགྱུར་མེད་ངང་ཆེ་རུ་བཏང་ནས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། “ཤུགས་སྣོན་གསུམ་དང་སྐུལ་སྤེལ་གསུམ”གྱི་སྤྱོད་ཚུལ་འཛུགས་སྐྱོང་གི་བྱ་སྤྱོད་ཤུགས་ཆེན་སྤེལ་བ། དགོས་པའི་ལས་མི་བྱེད་པར་མི་དགོས་པའི་ལས་རྙོག་བཟོ་བ་དང་། བྱེད་མི་ཕོད་པ། བྱེད་མི་མཁས་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ། མི་ཆོས་ལྡན་པའི་སེམས་ཁུར་ལ་སྣང་ཆེན་བཅས་བྱས་ཏེ་ཏང་ཡོན་ལས་བྱེད་པས་ལས་ཀ་ཚང་མ་ཁ་བཤད་ལག་བསྟར་ཐུབ་པ་མ་ཟད་འབྲས་བུ་ཐོབ་པར་སྐུལ་ལྕག་བྱེད་དགོས། ཞུམ་མེད་སྟོབས་ལྡན་གྱི་གཞི་རིམ་ཏང་རྩ་འཛུགས་བློ་བརྟན་འགྱུར་མེད་ངང་འཛུགས་སྐྱོང་བྱས་ནས། དུས་རབས་གསར་པའི“གངས་ལྗོངས་ཀྱི་མཁར་རྫོང་འདུ་འགོད”ལག་བསྟར་ཤུགས་ཆེན་བྱེད་པ་དང་། འཐབ་འཛིང་གི་མཁར་རྫོང་སྟོབས་ཆེར་གཏོང་བ། ཏང་ཡོན་གྱི་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱེད་པ། ཏང་ཡོན་གྱི་བྱང་ཚད་མཐོ་རུ་དང་འཇོན་ཐང་ཆེ་རུ་གཏོང་བ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ་བཅས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་སྒྲིག་འཛུགས་བྱེད་ནུས་དང་། གོང་བུ་སྒྲིལ་ཤུགས། འཐབ་འཛིང་གི་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཧུའུ་ཁྲང་ཧྲེང་གིས་ནན་བཤད་གནང་དོན། ལྷ་ས་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ལས་དོན་ཁག་ལ་དམ་འཛིན་ཞིབ་ཚགས་དང་ཏན་ཏིག་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་བསྐྲུན་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཤིང་། “ལྟེ་བའི་གྲོང་ཁྱེར་སྟོབས་ཆེར་གཏོང་བའི”འཐབ་ཇུས་ལག་བསྟར་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས“རང་ངོས་སྟོབས་ཆེར་དང་རྫོང་ཁོངས་སྟོབས་ཆེར་ཇི་ལྟར་གཏོང་བ་དང་དཔེ་སྟོན་སྣེ་ཁྲིད་དང་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་ཇི་ལྟར་འདོན་རྒྱུར”དམིགས་ཁར་གཙོ་གནད་ལས་འགན་དང་། གཞི་རྟེན། བྱེད་ཐབས་བཅས་ཁ་གསལ་བཟོས་ནས་ཚོད་འཛིན་རང་བཞིན་གྱི་ནུས་པ་ཐོན་པའི་གཙོ་གནད་ལས་དོན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས། གྲོང་ཁྱེར་གྱི་བྱེད་ནུས་ཆེ་རུ་དང་སྤུས་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཆུ་ཚད་མཐོ་བའི་འཆར་འགོད་དང་། སྤུས་ཚད་མཐོ་བའི་འཛུགས་སྐྲུན། ཚད་གཞི་མཐོ་བའི་དོ་དམ་བཅས་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་བཏང་ནས་གནས་འཕྲོད་ལས་འཚམ་དང་ཡུལ་སྐོར་ལ་འཚམ་པའི་ཡུལ་སྐོར་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ནུས་ཤུགས་ཡོད་རྒུས་སྐྲུན་དགོས། སྒོ་དབྱེའི་སྐར་ཁུང་གཏོད་པར་སྐུལ་འདེད་ཤུགས་ཆེན་བཏང་ནས་སྲིད་དོན་ཞབས་ཞུའི་ནུས་ཕྱོད་དང་དྲོ་སྐྱིད་ལྡན་ཤུགས་ཆེ་རུ་རྒྱུན་མཐུད་གཏོང་བ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་ཆེ་རུ་གཏོང་བ། ཁྲོམ་རའི་གཉེར་སྐྱོང་བྱེད་པོ་ནང་འདྲེན་སྐྱེད་སྲིང་གི་བྱ་སྤྱོད་དང་ཚོང་གཉེར་ཁོར་ཡུག་ལེགས་གཏོང་གི་འདུ་འགོད་ལག་བསྟར་ཤུགས་ཆེན་བཅས་བྱས་ནས་སྲིད་ཇུས་ཀྱི་ཁོར་ཡུག་དང་། ཐོན་ལས་ཀྱི་ཁོར་ཡུག མི་ཆོས་རིག་གནས་ཀྱི་ཁོར་ཡུག་བཅས་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས། དམངས་འཚོ་འགན་ལེན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མང་ཚོགས་ཀྱི་སྨན་བཅོས་དང་། སློབ་གཉེར། སྤྱི་ཚོགས་འགན་སྲུང་། སྡོད་ཁང་སོགས་ཀྱི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བ་དང་། “རྒན་གཅིག་གཞོན་གཅིག”གི་ཞབས་ཞུའི་མ་ལག་འཛུགས་སྐྱོང་མགྱོགས་པོ་བྱེད་པ། དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ། ལས་ཞུགས་དང་འབབ་འཕར་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་བཅས་བྱས་ནས་སྤྱི་ཁོག་དཔལ་འབྱོར་འཕར་ཚད་དེ་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཀྱི་འགྱུར་ལྡོག་དེ་བས་མང་བར་སྒྱུར་དགོས། བདེ་འཇགས་ཐོན་སྐྱེད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མཐའ་ཚད་འཛིན་སེམས་དང་མཐའ་ཟད་བསམ་གཞིག་ཆེ་རུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་དང་། ལྟ་སྐུལ་གྱི་འགན་འཁྲི། ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར། དྲིལ་བསྒྲགས་གསོ་སྦྱོང་། འཕྲལ་སྡོམ་རོགས་སྐྱོབ་བཅས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་གྱི་བདེ་འཇགས་འཕེལ་རྒྱས་ཀྱི་མཐའ་ཚད་བརྟན་དུ་གཏོང་དགོས།
ཀུང་ཧུའེ་ཚའེ་དང་། ཧོ་ལུའུ་ཁྲུན། ལའེ་ཅའོ། ཀྲང་ཧུང་པོ། ཝེ་ཤིའུ་ཁྲང་། སྒྲོལ་དཀར་བཅས་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།