རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མི་དང་དམིགས་བསལ་གདན་ཞུས་འཐུས་མིས་སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་བའི་ཆེད་དོན་སློབ་གསོའི་གློག་བརྙན《སྤྱོད་གཙང་སྲུང་སྐྱོང》མཉམ་དུ་བལྟས་པ།
སྤྱོད་གཙང་གཞུང་དྲང་གི་སྐབས་བརྗེའི་རྣམ་པ་ཞིག་གཏོད་ཆེད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་འཚོག་ཉེར་ཡོད་པའི་མཚམས་སུ། ཟླ་11ཚེས་26ཉིན་གྱི་དགོང་མོར། ཚོགས་ཞུགས་འཐུས་མི་ཡོངས་དང་། དམིགས་བསལ་གདན་ཞུས་འཐུས་མི། ཚོགས་ཞུགས་མི་སྣ་བཅས་ཀྱིས་བོད་ལྗོངས་མི་དམངས་ཚོགས་ཁང་དུ་སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་བའི་ཆེད་དོན་སློབ་གསོའི་གློག་བརྙན《སྤྱོད་གཙང་སྲུང་སྐྱོང》མཉམ་དུ་བལྟས་ནས་སྐབས་བརྗེའི་སྒྲིག་ཁྲིམས་ཀྱི་ཆེད་དོན་སློབ་གསོ་དང་ལེན་བྱས་པ་རེད།
གློག་བརྙན《སྤྱོད་གཙང་སྲུང་སྐྱོང》གིས་སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་དཔེ་མང་པོར་དབྱེ་ཞིབ་བྱས་པ་བརྒྱུད། སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་གཏན་འབེབས་ཁག་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་བླང་བྱར་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་དང་། སྐབས་བརྗེའི་སྒྲིག་ཁྲིམས་ལས་འགལ་བའི་གནོད་འཚེ་ཚབས་ཆེན་གསལ་སྟོན་གཏིང་ཟབ་བྱས་པ། ཏང་ཡོན་ལས་བྱེད་པར་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་དང་སྐབས་བརྗེའི་སྒྲིག་ཁྲིམས་ནན་པོ་སྲུང་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱས་པ། སྐབས་བརྗེའི་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་བའི་རང་རྟོགས་རང་བཞིན་དང་བློ་བརྟན་རང་བཞིན་ཆེ་རུ་ཏན་ཏིག་བཏང་བ་བཅས་ལ་བརྟེན་ནས། འཐུས་མི་ཡོངས་ལ་ཧ་གོ་དོན་རྟོགས་དང་དོན་སྙིང་ཆེན་པོ་ལྡན་པའི་ཆེད་དོན་ཉེན་ཟོན་སློབ་གསོའི་སློབ་ཚན་ཞིག་འཚོགས་པ་རེད།
འཐུས་མི་ཚོས། ངེས་པར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་། སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་གཏོང་བའི་གལ་ཆེའི་རང་བཞིན་དང་དགོས་གལ་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། “གཏན་འགོག་བཅུ”ཡི་བླང་བྱ་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བ། གུས་སྐྲག་ཤེས་པ་དང་། མཐའ་ཚད་རྟོགས་པ། སྒྲིག་ལམ་སྲུང་བ། སྒྲིག་ཁྲིམས་སྲུང་བ། སྙིང་སྟོབས་ཆེར་སྐྱེད་དང་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་འཐུས་མིའི་འགན་འཁྲི་མཐའ་གཅིག་ཏུ་ཡག་པོ་སྒྲུབ་པ། སྐབས་བརྗེའི་བརྒྱུད་རིམ་ཧྲིལ་པོ་སྤྱོད་གཙང་གཞུང་དྲང་དང་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡོང་བའི་འགན་ལེན་བཅས་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ལས་འགན་ཁག་བདེ་བླག་ངང་བསྒྲུབས་ནས། ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་གྱི་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།