དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀྲུང་དབྱང་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་དང་སྐོར་ཞིབ་ཚོགས་ཆུང་བཅོ་བརྒྱད་པ་བོད་རང་སྐྱོང་ལྗོངས་སུ་བཅའ་སྡོད་བྱས་ནས་ལོ་འཁོར་གྱི་དཔྱད་ཞིབ་དང་སྐོར་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-26

    2026ལོའི་ལོ་འཁོར་གྱི་ཀྲུང་དབྱང་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་དང་སྐོར་ཞིབ་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། ཟླ་11ཚེས་23ཉིན་ནས་ཟླ་12ཚེས་2ཉིན་བར། ཀྲུང་དབྱང་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་དང་སྐོར་ཞིབ་ཚོགས་ཆུང་བཅོ་བརྒྱད་པས་བོད་རང་སྐྱོང་ལྗོངས་སུ་2026ལོའི་ལོ་འཁོར་གྱི་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་གི་བདེ་འཇཌ་ཐོན་སྐྱེད་དཔྱད་ཞིབ་དང་སྐོར་ཞིབ་བྱ་རྒྱུ་རེད། ཟླ་11ཚེས་24ཉིན། དཔྱད་ཞིབ་དང་སྐོར་ཞིབ་ཚོགས་ཆུང་གི་བཅའ་སྡོད་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། དཔྱད་ཞིབ་དང་སྐོར་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་སུང་ཧྲུའུ་ཤིན་གྱིས་དཔྱད་ཞིབ་དང་སྐོར་ཞིབ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་རྣམ་འགྱུར་མཚོན་པའི་གཏམ་བཤད་གནང་བ་རེད།

    སུང་ཧྲུའུ་ཤིན་གྱིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། དཔྱད་ཞིབ་དང་སྐོར་ཞིབ་ཚོགས་ཆུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ནན་པའི་དགོངས་གཞིར་ལྷོད་གཡེང་མི་གཏོང་བ་མཐའ་འཁྱོངས་ཀྱིས་ནན་པའི་བྱ་ཐབས་དང་ནན་པའི་རྣམ་པ་རིམ་པ་བཞིན་བརྒྱུད་སྤྲོད་བྱས་ཏེ་བློས་མི་འཁེལ་བའི་ས་ཁུལ་དང་། ལས་རིགས། ཁེ་ལས་བཅས་ཀྱི་ཉེན་ཁའི་མཐའ་གཅོད་ལ་ཤུགས་སྣོན་རྒྱག་པ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་འདོམས་དང་ཁྲིམས་སྒྱུར་ནན་པོ་བྱེད་པ། ལོ་མཇུག་དང་ལོ་འགོའི་བདེ་འཇགས་ཐོན་སྐྱེད་དང་དེ་བཞིན་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ལས་དོན་ཡག་པོ་སྒྲུབ་པ། ལས་འཛོལ་དམིགས་བསལ་ཚབས་ཆེན་འགོག་ཟོན་དང་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་ལ་བརྟེན་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས།

    སུང་ཧྲུའུ་ཤིན་གྱིས་ནན་བཤད་གནང་དོན། ད་ཐེངས་དཔྱད་ཞིབ་དང་སྐོར་ཞིབ་བྱེད་རིང་། ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ལྡོག་བཤེར་གྱི་འགན་འཁྲི་དང་། ལྟ་འདོམས་ཁྲིམས་སྒྱུར་གྱི་ཆེད་དོན་ཞིབ་བཤེར། གཙོ་རྒྱུན་སྨྱན་སྦྱོར་གྱིས་ཉེན་བརྡ་གཏོང་བ་དང་དམར་འདོན་བཅས་ཀྱི་བྱེད་ཐབས་མུ་མཐུད་ཡག་པོ་སྤྱད་དེ་བསམ་བློའི་ངོས་འཛིན་གྱི་གནད་དོན་དང་། ལོ་འཁོར་གྱི་གཙོ་གནད་ལས་དོན། གནད་དོན་དང་མངོན་མེད་རྐྱེན་ངན་མངོན་གསལ་དོད་རིགས། ལས་རྣམ་གསར་པ་དང་ཉེན་ཁ་གསར་པ། དག་ཐེར་དོན་འཁྱོལ་བྱས་ཚུལ་སོགས་ལ་དམིགས་ནས་ཞིབ་བཤེར་གཏིང་ཟབ་བྱ་རྒྱུ་རེད། དཔྱད་ཞིབ་དང་སྐོར་ཞིབ་ཚོགས་ཆུང་གིས་ལན་སྤྲོད་བྱས་པའི་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་དང་དཔེ་མཚོན་གནད་དོན་ལ་ས་གནས་ཏང་ཨུད་དང་སྲིད་གཞུང་གིས་དག་ཐེར་དོན་འཁྱོལ་ནན་པོ་བྱེད་པ་དང་། བརྟག་དཔྱད་ཐག་གཅོད་ནན་པོ་བྱེད་པ། བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ། སྲིད་ཁྲིམས་དང་ཉེས་ཁྲིམས་སྦྲེལ་མཐུད་ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་པ། བྱ་ཐབས་ནུས་ལྡན་སྤྱད་དེ་བདེ་འཇགས་ཐད་ཀྱི་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་མཉམ་དུ་གཏོད་དགོས།

    རེན་ཝེ་ཡིས་གསུངས་དོན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ནན་པོ་འཁུར་བ་དང་། བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་ཀྱིས་དཔྱད་ཞིབ་དང་སྐོར་ཞིབ་དེ་ཆབ་སྲིད་ཐད་ཀྱི་ཞིབ་བཤེར་དང་གནད་སྨིན་ཐག་གཅོད་བྱེད་པ་ཞིག་ལ་བརྩིས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་སྲུང་ཞུ་བ་དང་རང་རྟོགས་ངང“སྲུང་སྐྱོང་གཉིས”ཐུབ་པར་བྱེད་དགོས། གནད་དོན་དག་ཐེར་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ། དཔྱད་ཞིབ་དང་སྐོར་ཞིབ་ཚོགས་ཆུང་གིས་བསྒྲུབ་རྒྱུར་རྩིས་སྤྲད་པ་དང་ལན་སྤྲོད་བྱས་པའི་གནད་དོན་ཚང་མ་དང་ལེན་བྱས་ནས་འཕྲལ་སྒྲུབ་འཕྲལ་བཅོས་བྱེད་པ་དང་། རྩིས་ཁྲར་དོ་དམ་དང་གདུབ་ཟུམ་ཐོ་སུབ་ལག་བསྟར་བྱས་ནས་དག་ཐེར་དོན་འཁྱོལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཁྲིམས་སྒྱུར་བཅོས་སྒྲིག་ནན་པོ་བྱེད་པ་དང་། དཔྱད་ཞིབ་དང་སྐོར་ཞིབ་ཀྱི་ལན་སྤྲོད་གནད་དོན་ལ་བསྡུར་བ་བྱེད་པ། ལྟ་འདོམས་ཁྲིམས་སྒྱུར་གྱི་འགན་འཁྲི་ནན་དུ་གཏོང་བ། ཁྲིམས་སྒྱུར་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། ཁྲིམས་སྒྱུར་གྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ། འགན་འཛོལ་འགན་ཤོར་མི་སྣར་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། “སྐབས་ཐོག་བཅོས་སྒྲིག”དང“ཕུགས་ཕན་སྲོལ་འཛུགས”ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། འབྱུང་རྩ་ནས་དོ་དམ་ཚོད་འཛིན་དང་བརྒྱུད་རིམ་ལྡན་པའི་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་ལྟ་འདོམས་ལམ་ལུགས་ཀྱི་ཞན་ཆ་སེལ་བ། དག་ཐེར་གྱི་ཕན་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས། ལོ་མཇུག་དང་ལོ་འགོའི་བདེ་འཇགས་འགོག་ཟོན་ལས་དོན་སྤྱི་འདོམས་ཀྱིས་ཡག་པོ་སྒྲུབ་པ་དང་། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།

    རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་བཀོད་སྒྲིག་གཞིར་བཟུང་། ད་ཐེངས་དཔྱད་ཞིབ་དང་སྐོར་ཞིབ་བྱེད་རིང་དཔྱད་ཞིབ་དང་སྐོར་ཞིབ་ཀྱི་ནུས་ཕྱོད་ཆེ་རུ་གཏོང་བ་དང་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་གཉིས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ། བཞུགས་མོལ་འདྲི་རྩད་དང་། མངོན་བཤེར་ལྐོག་ཞིབ། གཙོ་གནད་དཔྱད་ཡིག་ལྟ་ཀློག སྐོང་འདྲི་གྲོས་མོལ། མི་རེ་རེ་བྱས་ནས་གླེང་མོལ། རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་ཞབས་ཞུ་སོགས་ཀྱི་བྱ་ཐབས་སྤྱད་དེ་ལས་དོན་སྤེལ་ནས། ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་ཁག་གིས་གཙོ་གནད་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་དམིགས་ཏེ་ཞིབ་བཤེར་བྱེད་པ་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དེ་བས་ཡག་པོ་བྱེད་པར་སྐུལ་འདེད་བཏང་སྟེ། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་རྒྱུན་མཐུད་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།