དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-25

    ཚེས་23ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་རྩིས་བཅའ་ཁྲིམས》དང་དེའི་ལག་བསྟར་སྲོལ་ཡིག་ཆེད་དོན་སློབ་སྦྱོང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་དོན་འཁྱོལ། བོད་ལུགས་གསོ་རིག་དང་བོད་སྨན་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་ཞིབ་འཇུག “ལོ་ལྔ་ཚན་བཅོ་ལྔ་པའི”ཆེད་དོན་འཆར་འགོད་ལ་གྲོས་ཞིབ་བཅས་གནང་བ་རེད།

    རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་ཧང་ཀྲང་ཧོང་ཀྲི་ཆང་གིས་ནོར་སྲིད་དངུལ་རྩའི་སྲིད་ཇུས་ཡག་པོ་སྤྱོད་པ་དང་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས་ཆེད་དོན་འཆད་ཁྲིད་བྱས་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། སྲིད་ཇུས་ཀྱི་སྐྱེ་སྟོབས་ནི་དོན་འཁྱོལ་ལ་ཐུག་ཡོད། སྲིད་ཇུས་དོན་འཁྱོལ་གྱི“མཐའ་མའི་འགག་གནད”ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་ལས་ཀའི་རང་འགུལ་ཆེ་རུ་གཏོང་དགོས་ཤིང་། ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་། “དྲ་རྒྱ་དྲུག”གི་འཆར་འགོད་འཛུགས་སྐྲུན་དང་ནོར་སྲིད་དངུལ་རྩའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཁྱབ་ཁོངས་ལ་དམིགས་པ། སྲིད་ཇུས་ཀྱི་གནད་སྨིན་ནུས་པ་གང་ལེགས་འདོན་པ། འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་རྣམ་གྲངས་ཁག་གཅིག་འཆར་འགོད་བྱ་རྒྱུར་དམ་འཛིན་བཅས་བྱས་ནས་དང་ལེན་ཐུབ་པ་དང་། བེད་སྤྱོད་ཡག་པོ་ཐུབ་པ། ཕན་འབྲས་ཐོན་པ། རྗེས་མཐུད་ཀྱི་སྟོབས་ཤུགས་འཕེལ་བ་བཅས་ཀྱི་འགན་ལེན་བྱེད་དགོས་ལ། ཞན་ཆ་དང་ཉམས་ཞན་ལྷུ་ཚིགས་ལ་དམ་པོར་དམིགས་ནས་མཉམ་དུ་འགག་སྒྲོལ་དཀའ་སེལ་དང་ནུས་ཤུགས་ཡོད་རྒུས་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ཞིབ་ཚགས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། སྲིད་ཇུས་ཀྱི་ཁེ་ཕན་དེ་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ལ་ཏན་ཏིག་འགྱུར་བར་ཡང་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། བོད་ནི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་འབྱུང་གནས་ཡིན་པས། བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་གནས་སྲུང་སྐྱོང་ཡག་པོ་དང་རྒྱུན་འཛིན་ཡག་པོ་བྱ་རྒྱུ་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་འགན་ལེན་དང་། བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་ཀྱི་འཇམ་ཤུགས་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བོད་ལུགས་གསོ་རིག་དང་བོད་སྨན་སོགས་ཁྱད་ལྡན་རིག་གནས་ལ་ཞིབ་འཇུག་དང་། སྲུང་སྐྱོང་། བེད་སྤྱོད་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དུས་རབས་གསར་པར་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་བཀྲག་མདངས་གསར་པ་འཚེར་བར་བྱེད་དགོས། ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཆུ་ཚད་མཐོ་བའི་བོད་ལུགས་གསོ་རིག་སྨན་ཁང་ཁྱུ་ཚོགས་གཏོད་པ། གཞི་རིམ་གྱི་བོད་ལུགས་གསོ་རིག་སྒྲིག་གཞིའི་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་དེ་བས་ལེགས་པ་སྐྲུན་དགོས།

    ཚོགས་འདུའི་ཐོག་བསྟན་དོན། བོད་ནི“འཛམ་གླིང་གི་ཡང་རྩེ”དང“ས་གོ་ལའི་གླིང་སྣེ་གསུམ་པ”ཡིན་པས་རང་བྱུང་མཛེས་ལྗོངས་ཐུན་མོང་མ་ཡིན་པ་ཞིག་ཡོད། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཀྱི་མཐོ་ཚད་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་གི་འབྲེལ་བར་སྤྱི་འདོམས་ཡག་པོ་བྱེད་པ་དང་། ཡུལ་བབ་དང་བསྟུན་པ་དང་བརྒྱུད་རིམ་ལྡན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་རིག་གནས་ཡུལ་སྐོར་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་དང་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ། མཐའ་ཚད་བརྟན་པོ་སྲུང་བ་དང་། མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ། ཞབས་ཞུ་ལེགས་སུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་བ། ཡུལ་སྐོར་ལས་རིགས་ཚད་རིམ་གཉིས་སྤར་དང་སྤུས་འབྲས་ལེགས་གཉེར་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བོད་ཀྱི་ཡུལ་སྐོར་གྱི་གསེར་གྱི་མིང་བྱང་རྒྱུན་མཐུད་གཏོད་དགོས།

    ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་འཕྲལ་སྡོམ་དོ་དམ་མ་ལག་འཛུགས་སྐྱོང་གི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》དང་། 《བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》 《བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་པའི་ཆེད་དོན་འཆར་འགོད(2026ལོ་ནས་2030ལོ་བར)》སོགས་ཀྱི་ཡིག་ཆར་གྲོས་ཞིབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།