ལའེ་ཅའོ་ཡིས་ལྷོ་ཁ་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལའེ་ཅའོ་ཡིས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་བྱང་རྒྱས་གྲོང་ཚོ་དང་། ཤ་གསོས་ཤང་འཇུ་གྲོང་ཚོ། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་བཅས་སུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད། འབྲེལ་གཏུག་ས་ཚིགས་ཀྱི་ལས་དོན་ལ་མཛུབ་ཁྲིད་གནང་ནས་ནགས་སྐོར་དང་མཚོ་སྐོར་བསྐྱོན་པ་རེད།
ལའེ་ཅའོ་ཡིས་གསུངས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། སྣ་མང་ཅན་དང་མཉམ་འགུལ་རྣམ་པའི་སྒྲོག་འགྲེལ་བྱེད་སྟངས་སྤྱད་ནས་དྲིལ་བསྒྲགས་དང་སྒྲོག་འགྲེལ་ལས་དོན་དེ་མང་ཚོགས་ཀྱི་འཚོ་བ་དངོས་དང་འབྲེལ་འདྲིས་ཐུབ་པ་དང་། གཞི་ཁྱོན་ལྡན་པ། མི་སེམས་ལ་ཟུག་པ་དང་དོན་འཁྱོལ་ཐུབ་པ་བཅས་ཡོང་བར་བྱེད་དགོས།
ཆང་ཁྱིམ་གྲོང་ཚོར་ལའེ་ཅའོ་ཡིས་ཁྱད་ལྡན་དམངས་སྲོལ་གནས་ཚང་འཛུགས་སྐྲུན་དང་། གྲོང་གསེབ་ཡུལ་སྐོར་དང་ནས་ཆང་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་སྐབས། ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་ཀྱིས་ཐུན་མོང་མ་ཡིན་པའི་ལེགས་ཆའི་ཐོན་ཁུངས་སྔོག་འདོན་དང་འདོན་སྤེལ་ཧུར་ཐག་དང་མང་ཚོགས་ཀྱི་ཧུར་སེམས་རྒྱ་ཁྱབ་ངང་འཕེལ་བར་བྱས་ནས་མང་ཚོགས་རྣམས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་མཁན་དང་། ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་ཞུགས་མཁན་དང་། སྐུལ་འདེད་གཏོང་མཁན། ཕན་པ་ཐོབ་མཁན་བཅས་སུ་དངོས་འབྲེལ་འགྱུར་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། འཇུ་གྲོང་ཚོའི་ནགས་དཔོན་ལམ་ལུགས་ཀྱི་འགན་འཁྲིའི་ཁུལ་དུ་ལའེ་ཅའོ་ཡིས་ནགས་དཔོན་ལམ་ལུགས་ཀྱི་འགན་འཁྲི་དོན་འཁྱོལ་དང་། རྒྱུན་གཏན་གྱི་ནགས་ཚལ་སྐོར་གཡེང་དང་། ནགས་ཚལ་གྱི་མེ་ཟོན། གནའ་བོའི་སྡོང་རྒན་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་ནན་ཏན་བྱེད་པ་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་བཅས་བྱས་ནས་རི་ཀླུང་སྔོ་ལྗང་ཅན་དང་མང་ཚོགས་ལ་འབབ་འཕར་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད། ར་འོག་མཚོར་གཟིགས་སྐབས་ལའེ་ཅའོ་ཡིས་རེས་སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་དཔེ་མཚོན་གནད་དོན་དག་ཐེར་གནས་ཚུལ་གྱི་ངོ་སྤྲོད་ནན་ཏན་ངང་གསན་པ་དང་ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་གྱི་སྙན་ཞུར་གཟིགས་ཞིབ་གནང་ཞིང་། ཁོང་གིས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཡིན་པའི་བོད་ཀྱི་འཐབ་ཇུས་གནས་བབ་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ནས་གངས་ལྗོངས་ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།