དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།
  • ཧུའུ་ཁྲང་ཧྲེང་གིས་ལྷ་ས་གྲོང་ཁྱེར་གྱི་ལས་དོན་སྙན་སེང་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན།

    ཁྱབ་འགྱེད་སྐུལ་ཁྲིད་དང་། ཞབས་ཞུ་འགན་ལེན། དཔེ་སྟོན་མིག་དཔེའི་ནུས་པ་གང་ལེགས་བཏོན་ཏེ“ལྟེ་བའི་གྲོང་ཁྱེར་སྟོབས་ཆེར་གཏོང་བའི”འཐབ་ཇུས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

    ཀུང་ཧུའེ་ཚའེ་དང་ཧོ་ལུའུ་ཁྲུན་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-23

    འདི་ནི་ཟླ་11ཚེས་19ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ལྷ་ས་གྲོང་ཁྱེར་གྱི་ལས་དོན་སྙན་སེང་ཚོགས་འདུ་གཙོ་སྐྱོང་གནང་ནས་པེ་ཅིང་གྲོང་ཁྱེར་དང་ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ།

    ཟླ་11ཚེས་19ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ལྷ་ས་གྲོང་ཁྱེར་གྱི་ལས་དོན་སྙན་སེང་ཚོགས་འདུ་གཙོ་སྐྱོང་གནང་ནས་པེ་ཅིང་གྲོང་ཁྱེར་དང་ཅང་སུའུ་ཞིང་ཆེན་དེ་གཉིས་ཀྱི་བོད་སྐྱོར་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ་རེད། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་དང་བོད་སྐྱོར་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ཁྱབ་འགྱེད་སྐུལ་ཁྲིད་དང་། ཞབས་ཞུ་འགན་ལེན། དཔེ་སྟོན་མིག་དཔེའི་ནུས་པ་གང་ལེགས་འདོན་པ། ལྟེ་བའི་གྲོང་ཁྱེར་གྱི་གཙོ་བཟུང་གནས་ཚད་དང་། ལེགས་སྐྱེས་འབུལ་ཚད། སྒོ་དབྱེ་བྱེད་ཚད། གྲོང་ཁྱེར་གྱི་ཤུགས་རྐྱེན་ཐེབས་ཤུགས། ཕྱོགས་བསྡུས་འགྲན་སློང་ནུས་པ་བཅས་ཆེ་རུ་བཏང་ནས། “ལྟེ་བའི་གྲོང་ཁྱེར་སྟོབས་ཆེར་གཏོང་བའི”འཐབ་ཇུས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག ཧུའུ་ཁྲང་ཧྲེང་གིས་ལྷ་ས་གྲོང་ཁྱེར་གྱི་ལས་དོན་ཁག་དང་། པེ་ཅིང་དང་ཅང་སུའུ་གཉིས་ཀྱི་བོད་སྐྱོར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་འཐབ་ས་དང་པོ་བརྟན་སྲུང་དང་དཀའ་སྤྱད་འབད་འཐབ་བྱེད་མཁན་ལྷ་ས་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་བླ་ན་མེད་པའི་གུས་སེམས་མཚོན་པར་གནང་བ་རེད།

    ཧུའུ་ཁྲང་ཧྲེང་གིས་ནན་བཤད་གནང་དོན། བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་ཆབ་སྲིད་ཀྱི་བྱང་ཚད་ཞུན་བརྡར་བྱེད་པ་དང་།  ཆབ་སྲིད་ཀྱི་གཤིས་སྤྱོད་ཞུན་བརྡར་བྱེད་པ། ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་ཡིན་མིན་དབྱེ་འབྱེད་དང་། ཆབ་སྲིད་ཀྱི་རྣམ་པར་ཁ་ལོ་སྒྱུར་བ། ཆབ་སྲིད་ཀྱི་ཉེན་ཁར་འགོག་ཟོན་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས།

    རང་འགུལ་ངང་བདེ་འཇགས་དང་བརྟན་ལྷིང་གཏོད་རྒྱུ་མཐའ་འཁྱོངས་དང“སྐབས་བསྟུན་ངང་བརྟན་ལྷིང་གཏོད་པ”དང“རྒྱུན་རྣམ་ངང་བརྟན་ལྷིང་གཏོད་པའི”བསམ་བློ་མཐའ་འཁྱོངས་ཀྱིས“དམ་ལྷུག་མཉམ་སྤེལ་གྱིས་བརྟན་ལྷིང་གཏོད་པ”དང་། “མཉམ་འགོག་མཉམ་བཅོས་ཀྱིས་བརྟན་ལྷིང་གཏོད་པ” “ཁྲིམས་སྐྱོང་ཅན་གྱིས་བརྟན་ལྷིང་གཏོད་པ”བཅས་ཀྱི་འདུ་ཤེས་འཛུགས་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ཡིན་མིན་ཆེན་པོའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་དང་། ལངས་ཕྱོགས་བརྟན་པོ། བྱ་སྤྱོད་མཐའ་གཅིག་ཏུ་སྤེལ་བ་བཅས་བྱེད་པ་དང་། མང་ཚོགས་དེ་ཉིད་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་གི་སྟོབས་ཤུགས་ཡོང་ཁུངས་ཆེ་ཤོས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། འགལ་ཟླ་དང་རྩོད་གཞི་སེལ་རྒྱུར་ཤུགས་སྣོན་རྒྱག་པ། མང་ཚོགས་ཀྱི་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ། དགོན་སྡེར་འབྲེག་གཏུག་དང་གྲྭ་བཙུན་དང་ཆ་སྒྲིག་བྱེད་པའི་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས། བདེ་འཇགས་དང་བརྟན་ལྷིང་སྲུང་བའི་ཟངས་གྱང་ལྕགས་རྩིག་བརྟན་པོ་སྐྲུན་དགོས།

    སྤུས་འབྲས་ལེགས་གཉེར་མཐའ་འཁྱོངས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་ཏེ། ནུབ་རྒྱུད་ཐོན་འབྱེད་ཆེ་མོ་དང་ཤར་རྒྱུད་དང་ནུབ་རྒྱུད་མཐུན་སྦྱོར་སོགས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་ནན་པོ་བྱེད་པ་དང་། ཁྲོམ་རའི་གཉེར་སྐྱོང་བྱེད་པོ་སྟོབས་ཆེར་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་ཤུགས་ཆེན་གཏོད་པ། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། ཚོང་འགུགས་མ་འདྲེན་གྱི་ཚད་གཞི་རྒྱ་སྐྱེད་དང་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་གང་ལེགས་འཕེལ་བ་བཅས་བྱས་ཐོག སྔོན་སྐྱོད་ཀྱི་འདུ་ཤེས་ལ་བརྟེན་ནས་འཕེལ་རྒྱས་དོན་གཉེར་དང་། འཕེལ་རྒྱས་ལ་དམ་འཛིན། འཕེལ་རྒྱས་སྟོབས་ཆེར་གཏོང་བ་བཅས་བྱེད་པ་དང་སྐུལ་ཁྲིད་ཀྱི་འདུ་ཤེས་ལ་བརྟེན་ནས་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་དང་། མཉམ་འགུལ་ལ་སྐུལ་འདེད་གཏོང་བ། ས་ཁོངས་ཧྲིལ་པོར་ཕན་འདོགས་པ་བཅས་བྱེད་དགོས།

    དམངས་འཚོ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལས་ཞུགས་ཀྱི་ཤོང་ཚད་ཆེ་རུ་གཏོང་བ་དང་། ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ལས་ཞུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། བློ་རིག་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་ཀུན་ཕན་དང་། འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གསོ་སྣ་མང་ཅན་གྱི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བ། བདེ་ཐང་ལྷ་ས་སྐྲུན་མགྱོགས་སུ་བཏང་སྟེ་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དོ་སྙོམས་ཅན་དང་། ཀུན་ཕན་ཅན། སྟབས་བདེ་ཅན་བཅས་ལ་སྐུལ་འདེད་གཏོང་བ། ཡོང་འབབ་དམའ་བའི་མི་འབོར་ལ་སྐབས་བསྟུན་ལྟ་ཞིབ་ཚད་ལེན་ཏན་ཏིག་བྱེད་པ། “གཅེས་སེམས་ལྷ་ས། ཆ་སྒྲིག་རོགས་སྐྱོར”བྱ་སྤྱོད་ལག་བསྟར་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་དམངས་འཚོའི་བདེ་རྩ་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས།

    ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་གྱི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་དགུང་སྔོན་སྲུང་སྐྱོང་དང་། ཕྱོགས་བསྡུས་ཇུས་བསྟར་གྱིས་ཆུ་དྭངས་སྲུང་སྐྱོང་། དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་ས་གཙང་སྲུང་སྐྱོང་བཅས་བྱེད་དགོས།

    ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་མཐོ་ས་བསྐྲུན་རྒྱུ་སྣེ་ཁྲིད་དུ་བྱེད་པ་དང་། “ཕྱོགས་སྟོན་འཛུགས་པ་དང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བའི”ནུས་པ་གང་ལེགས་འདོན་པ། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་ཕྱོགས་སྟོན་གསལ་པོ་མཐའ་འཁྱོངས་བྱེད་པ། མི་སྣ་སྤྱོད་པའི་ཕྱོགས་སྟོན་ཡང་དག་མཐའ་འཁྱོངས་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་བྱེད་པ། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ཆད་པ་གཅོད་པ་བཅས་བྱས་ཏེ། ཚད་གཞི་དེ་བས་མཐོ་བ་དང་བྱ་ཐབས་དེ་བས་ཏན་ཏིག་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་དགོས།

    ཧུའུ་ཁྲང་ཧྲེང་གིས་གསུངས་དོན། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པས་རོགས་སྐྱོར་བྱེད་མཁན་དང་བྱ་ཡུལ་དབར་གྱི་ས་གནས་གཉིས་པོའི་འབྲེལ་ཟམ་ཡག་པོ་ཞིག་བྱས་ཏེ་ལྷ་སའི་ཐོན་ཁུངས་ཀྱི་ལེགས་ཆ་དང་རོགས་སྐྱོར་བྱེད་མཁན་གྱི་ལེགས་ཆ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་ཐབས་མཁས་འབད་སྒྲུབ་ཀྱིས་སྐུལ་འདེད་བཏང་ནས། ཁྱད་ལྡན་ཐོན་རྫས་འོས་སྦྱོར་དང་། ཐོན་ཚོང་སྦྲེལ་མཐུད། ཚོང་འགུགས་མ་འདྲེན་བཅས་རྒྱུན་མཐུད་ངང་ཡག་པོ་བྱེད་དགོས། བོད་ཀྱིས་ཐོན་ལས་བོད་སྐྱོར་ལ་རོགས་སྐྱོར་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་ལས་སྟེགས་སྣ་ཚོགས་སྤྱི་འདོམས་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། བོད་སྐྱོར་གྱི་གཏམ་རྒྱུད་ཡག་པོ་ཤོད་པ། རོགས་སྐྱོར་བྱེད་མཁན་དང་བྱ་ཡུལ་ཕྱོགས་གཉིས་པོས་བློ་སེམས་གཅིག་མཐུན་ངང་མི་རིགས་མཐུན་སྒྲིལ་དང་ཐོན་ལས་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་ལྷ་ས་མཉམ་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀུང་ཧུའེ་ཚའེ་དང་། ཧོ་ལུའུ་ཁྲུན། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།