དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་ལྗོངས་ཡོངས་ཀྱི་ལྗང་མདོག་གཏེར་རི་འཛུགས་སྐྲུན་ལས་དོན་གྱི་བཀོད་གཏོང་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-23

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་ལྗོངས་ཡོངས་ཀྱི་ལྗང་མདོག་གཏེར་རི་འཛུགས་སྐྲུན་ལས་དོན་གྱི་བཀོད་གཏོང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ལྗང་མདོག་གཏེར་རི་འཛུགས་སྐྲུན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། “འབྲེལ་བ་ཆ་བཞི”སྤྱི་འདོམས་དང“མི་ཆོག་པ་བཞིའི་རྩ་དོན”ནན་པོ་སྲུང་བ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་སྐྱོད་པ། དངོས་སྒྲུབ་འགན་འཁུར་དང་རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་ལྗང་མདོག་གཏེར་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་ལྗང་མདོག་གཏེར་རི་འཛུགས་སྐྲུན་ལས་དོན་གྱི་སྐུལ་སྤེལ་གནས་ཚུལ་གྱི་སྙན་སེང་ཉན་ཞིང་། ཉམས་མྱོང་ཕྱོགས་སྡོམ་བྱས་པ་དང་ཆད་སྐྱོན་ཞན་ཆར་ཐད་ཀར་ཕྱོགས་ཏེ་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ཀརྨ་ཚེ་བརྟན་གྱིས་བསྟན་དོན། ལྗང་མདོག་གཏེར་རི་འཛུགས་སྐྲུན་ནི་གཏེར་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད་ལ། གཏེར་ལས་ཁྱབ་ཁོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཀྱང་རེད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་བ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཐོ་ཚད་ནས་ལྗོངས་ཡོངས་ཀྱི་གཏེར་ལས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་ཇུས་འགོད་དང་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་སྐྲུན་པའི་ཕན་འབྲས་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། མིག་སྔའི་ལྗང་མདོག་གཏེར་རི་འཛུགས་སྐྲུན་ལ་འཕྲད་པའི་དུས་བབ་ཀྱི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་ནས་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་། རིགས་དབྱེ་དང་གནད་སྨིན་ཇུས་བསྟར། འགན་འཁྲི་ནན་དུ་གཏོང་བ། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ།  འགག་སྒྲོལ་གྱི་མཉམ་ཤུགས་ཆགས་པར་བྱེད་པ། དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ཐོག་ནས་ལྗང་མདོག་གཏེར་རི་འཛུགས་སྐྲུན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ཧུར་ཐག་གཏོང་དགོས། ལྗང་མདོག་གཏེར་རི་འཛུགས་སྐྲུན་གཞི་རྟེན་དུ་བྱས་ནས་གཏེར་རི་དེ་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་གཏོད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་བརྟན་པོ་འཛུགས་པའི་སྐར་ཁུང་གལ་ཆེན་དུ་བསྐྲུན་ཏེ། གཏེར་རིའི་ཁེ་ལས་ཀྱིས་ས་གནས་དེ་གའི་མང་ཚོགས་དང་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་ལས་ཞུགས་ནང་བསྡུ་ལེན་ཧུར་ཐག་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། རྩལ་ནུས་དོ་དམ་ཤེས་ལྡན་པ་གསོ་སྐྱོང་དང་བེད་སྤྱོད་གཏིང་ཟབ་བྱེད་པ། ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་ནས། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་རིགས་ཁག་གི་མི་དམངས་ལ་དེ་བས་མང་བ་དང་དྲང་གཞག་གི་ཕན་པ་ཐོབ་པར་བྱེད་དགོས། ཕན་ཡོད་ཀྱི་ལྟ་འདོམས་དང་རྗེས་ཐོན་པའི་ཞབས་ཞུ་གཉིས་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ། ལྟ་འདོམས་ལ་དམ་འཛིན་བྱེད་པ་ནི་དམངས་འཚོར་དམ་འཛིན་བྱེད་པ་ཞིག་ཡིན་པའི་འདུ་ཤེས་འཛུགས་པ་དང་། དམངས་ཕན་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་འགན་འཁྲི་གཉིས་ལྟ་འདོམས་ཀྱི་ཁོངས་སུ་འཇུག་པ། མཐིལ་རྟོགས་ལྟ་འདོམས་ཀྱི་བཀོད་པ་སྐྲུན་པ། ཁེ་ལས་ལ་དུས་འཁོར་ཧྲིལ་པོའི་གདུབ་ཟུམ་དོ་དམ་གྱི་ལས་རིམ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རང་འགུལ་ངང་སྔོན་ཚུད་ཞབས་འདེགས་ཞུས་ཏེ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་རྒྱབ་སྐྱོར་གྱི་སྲིད་ཇུས་ཁག་བེད་སྤྱོད་ཡག་པོ་གཏོང་བ་དང་། དྲང་ལྡོག་ཕྱོགས་གཉིས་ཀྱི་དཔེ་མཚོན་བེད་སྤྱོད་ཡག་པོ་གཏོང་བ། ཚོང་གཉེར་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་པ་བཅས་བྱས་ནས། ལྗང་མདོག་གཏེར་རི་འཛུགས་སྐྲུན་གྱི་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་གཏོང་དགོས།

    བསྟན་པས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལི་ཧུང་ཅུན་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།