དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་གཙོ་སྐྱོང་གནང་བ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-22

     ཟླ་11ཚེས་20ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་དང་། དེ་བཞིན་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲཌ་དང་སློབ་སྦྱོང་བྱས་ཏེ། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་གྱི་ལས་དོན་ལ་ཞིབ་འཇུག་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་ཀྲུང་ཧྲན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ས་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི“དྲ་བ་དྲུག”འཛུགས་སྐྱོང་གི་བཀོད་ཇུས་ལ་རང་འགུལ་ངང་སྦྲེལ་མཐུད་བྱེད་པ། འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་དམ་འཛིན་ཏན་ཏིག་བྱེད་པ། ས་ཁོངས་དང་གྲོང་ཁྱེར་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་དང་སྤྱི་པའི་ཞབས་ཞུ་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། ལྷ་ས་དང་ལྷོ་ཁའི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དེ་བཞིན་ཁེ་ལས་དང་མཉམ་ལས་བྱེད་པར་ཤུགས་སྣོན་རྒྱག་པ། ཁྲོམ་རའི་གཉེར་སྐྱོང་བྱེད་པོ་ནང་འདྲེན་དང་སྐྱེད་སྲིང་ཧུར་ཐག་བྱེད་པ། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གང་མགྱོགས་བསྐྲུན་པ། རྒྱུ་ཆ་མཁོ་འདོན་དང་ལས་སྣོན་གྱི་སྒྲིག་ཆས་བཟོ་སྐྲུན་དང་། ནུས་གསོག་གསར་པ། ལས་གྲྭའི་ཨར་ལས་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བཅས་བྱེད་དགོས། ལོ་འགོ་ལོ་མཇུག་གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོའི་ཞབས་ཞུ་རྒྱུན་མཐུད་ལེགས་སུ་གཏོང་བ། དཀའ་ངལ་ཡོད་པའི་མི་ཚོགས་དང་ལྷག་པར་དུ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། སྤྱི་པའི་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། འབད་འབུངས་ཡར་བརྩོན་དང་མཆོངས་ནས་སྙབ་པ་བཅས་བྱས་ནས། ལོ་འཁོར་གྱི་དམིགས་ཚད་དང་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས།

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པ་དང་། དེ་བཞིན་འབྲེལ་ཡོད་བྱེད་སྒོར་ཞུགས་རིང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། བོད་ཀྱིས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་བགྲོད་ལམ་གལ་ཆེན་གྱི་ངེས་གནས་ལ་གཞི་ཚུགས་ཏེ། ཚུགས་གནས་དེ་བས་མཐོ་བའི་སྒོ་ནས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དཔལ་འབྱོར་ཚོང་དོན་དང་མི་ཆོས་རིག་གནས་ཀྱི་འགྲོ་འོང་ཇེ་ཟབ་ཏུ་བཏང་ནས་གཉིས་ཁེ་གཉིས་ཕན་གྱི་མཐའ་འཁོར་ཁོར་ཡུག་རྒྱུན་མཐུད་སྐྲུན་དགོས། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་དེ་བས་ཆེ་རུ་གཏོང་བ་དང་། ཕྱི་ཕྱོགས་ཚོང་དོན་གྱི་གྲུབ་ཆ་སྔར་བས་ལེགས་སུ་གཏོང་བ། ཕྱི་ཕྱོགས་ཚོང་དོན་གྱི་ལས་རྣམ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། རིག་ལྡན་འགག་སྒོ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མཐོང་རྒྱ་དེ་བས་ཆེ་བའི་སྒོ་ནས་སྣ་མང་མཉམ་ལས་རྒྱ་ཆེར་བཏང་སྟེ། སྐྱེ་ཁམས་དང་། སྨན་བཅོས། སློབ་གསོ། རང་བྱུང་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་རྐྱེན་རྩ་ཞིབ་འཇུག་སོགས་ཀྱི་ཐད་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱུན་ཆད་མེད་པར་བརྒྱབ་ནས་གཞུང་འཁྱོངས་གསར་འབྱེད་ཀྱིས་དམངས་ཁྲོད་འགྲོ་འོང་དང་མཛའ་མཐུན་གྲོང་ཁྱེར་གྱི་ལས་དོན་ཡག་པོ་སྒྲུབ་དགོས། བྱ་ཐབས་དེ་བས་ཏན་ཏིག་གི་སྒོ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་། “གཅིག་འཕྱུགས་ན་ཚང་མ་འཕྱུགས་པའི”ཉེན་ཟོན་དང“འཕྱུགས་པ་གཏན་ནས་མེད་པ་ཡི”ཞིབ་ཚགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་། ལམ་ལུགས་བདེ་འཇགས། འདུ་ཤེས་འཛིན་སྟངས་བདེ་འཇགས་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གིས་གཞུང་ཁོངས་ཁེ་ལས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། གཞུང་ཁོངས་ཁེ་ལས་ཀྱི་གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་གཏོང་བར་ལྷོད་གཡེང་མི་གཏོང་བ་མཐའ་འཁྱོངས་བྱེད་པ། གཞུང་ཁོངས་ཁེ་ལས་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་མཚམས་མི་འཇོག་པ་རྒྱུན་འཁྱོངས་བྱེད་པ། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་ལྷོད་གཡེང་མི་གཏོང་བ་མཐའ་འཁྱོངས་བྱེད་པ། གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་བྱེད་པའི་རྩ་འཛུགས་ཀྱི་མ་ལག་ཚགས་དམ་པོ་སྟོབས་ཆེར་བསྐྲུན་པ། གཞུང་ཁོངས་ཁེ་ལས་ཀྱི་འགོ་ཁྲིད་ཚན་ཁག་ལེགས་འདེམས་ཧྲག་སྒྲིག་བཅས་བྱས་ཏེ། གཞུང་ཁོངས་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་དེ་བས་ལེགས་པའི་སྒོ་ནས་སྣེ་ཁྲིད་བྱེད་དགོས།

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅི་ནན་སློབ་ཆེན་བཙུགས་ནས་ལོ་ངོ་120འཁོར་བར་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་སྤྲིངས་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། སློབ་གཉེར་གྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་པ། སློབ་གཉེར་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། སློབ་གཉེར་གྱི་སྤུས་ཚད་མཐོ་རུ་གཏོང་བ། སློབ་གཉེར་གྱི་འཐབ་ས་བརྟན་པོ་སྲུང་བ། བོད་ཀྱི་མཐོ་རིམ་སློབ་གསོའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་ཆེད་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས།

    ཚོགས་འདུའི་ཐོག《〈ཀྲུང་གོ་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག〉བཀྲམ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བརྡ་ཐོ》ཡི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམ་ཁག་ཏང་ཨུད་ཀྱིས《སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། བློ་བརྟན་འགྱུར་མེད་ངང་འགོ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། བློ་བརྟན་འགྱུར་མེད་ངང་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་དོན་འཁྱོལ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཏང་ཀྲུང་དབྱང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་དང་། ལག་བསྟར་ནུས་ལྡན་བྱེད་པ། དོ་དམ་ནན་པོ་བྱེད་པ། ཚན་ཁག་མཐུན་སྒྲིལ་བྱེད་པ། དར་སྲོལ་ལེགས་པ་བཅས་ཀྱི་རྩ་འཛུགས་བརྟན་པོ་ཞིག་ཏུ་བསྐྲུན་ནས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། ཐབས་ཇུས་འདོན་པ། དོན་འཁྱོལ་འགན་ལེན་བཅས་ཀྱི་འགན་འཁྲི་དེ་བས་ལེགས་པའི་སྒོ་ནས་བསྒྲུབས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་མཐོར་ཇི་མ་ཇི་བཞིན་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།