ཧུའུ་ཁྲང་ཧྲེང་གིས་ལྷ་ས་གྲོང་ཁྱེར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་དང་བརྟག་ཞིབ་གནང་བ།
ཀུང་ཧུའེ་ཚའེ་ཞུགས་པ།

འདི་ནི་ལྷ་སའི་SOSབྱིས་པའི་གྲོང་དུ་ཧུའུ་ཁྲང་ཧྲེང་གིས“ལས་རིགས་ཨ་མ”དང་ཁོང་གི་ཁྱིམ་ཚང་ལ་གཟིགས་པ་དང་འཚམས་འདྲི་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། འདམ་གཞུང་རྫོང་། ལྷུན་གྲུབ་རྫོང་། མལ་གྲོ་གུང་དཀར་རྫོང་། སྟག་རྩེ་ཆུས། སྟོད་ལུང་བདེ་ཆེན་ཆུས། ཆུ་ཤུར་རྫོང་བཅས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་། ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད་བརྟག་ཞིབ་ཀྱང་གནང་བ་རེད། ཁོང་གིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཏང་གཤིས་ཤུགས་ཆེར་གཏོང་བ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་དུ་ལྟེ་བའི་གྲོང་ཁྱེར་གྱི་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཉིན་ཤས་བསྟུད་མར། ཧུའུ་ཁྲང་ཧྲེང་ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་ཏུ་ཕེབས་ཏེ“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་རྣམ་པའི་ཐོག་ནས་ཤང(གྲོང་རྡལ)དང་གྲོང་ཚོའི(གྲོང་ལྷན)མང་ཚོགས་ལ་འཚམས་འདྲི་གནང་བ་དང་། གཞི་རིམ་ལས་བྱེད་པ་དང་། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་པ་སོགས་དང་ངོ་འཕྲད་སྤེལ་རེས་གནང་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་། འཚོ་བ། གཞི་རིམ་གྱི་ལས་དོན་སྤེལ་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། སེམས་འདུན་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་མཐའ་འཁྱོངས་བྱས་ཏེ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་རྒྱུན་མཐུད་བཅོས་སྒྲིག་བྱེད་པ་དང་། “གངས་ལྗོངས་ཀྱི་མཁར་རྫོང་འདུ་འགོད”ལག་ལེན་ཤུགས་ཆེན་བསྟར་ནས་གཞི་རིམ་ཏང་རྩ་འཛུགས་དེ་བས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་བཏོན་ནས་མང་ཚོགས་ཁྲོད་བསྐྱོད་དེ་གནས་ཚུལ་ངོ་མ་ཤེས་རྟོགས་དང་། དབུལ་ལོག་དབུལ་འགྱུར་སྔོན་འགོག་གི་སྟབས་བསྟུན་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། མལ་གྲོ་གུང་དཀར་རྫོང་ཨུད་ཏང་གི་སློབ་གྲྭར་ཧུའུ་ཁྲང་ཧྲེང་གིས་སློབ་གྲྭ་འཛུགས་སྐྲུན་དང་སློབ་གསོ་གསོ་སྦྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་དང་། དམག་སྡེ་བཅོ་བརྒྱད་པ་བོད་སྐྱོད་ཀྱི་མལ་གྲོ་གུང་དཀར་དུམ་བུའི་དཔུང་སྐྱོད་ལོ་རྒྱུས་ཁྱམས་རིང་དུ་གཟིགས་སྐོར། གསོ་སྦྱོང་ལ་ཞུགས་བཞིན་པའི་ཞིང་འབྲོག་པའི་ཏང་ཡོན་དང་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་བཅས་གནང་བ་རེད། སློབ་གྲྭ་དེས“ཏང་ཡོན་སྟོང་ཏང་གི་སློབ་གྲྭར་སྐྱོད་པའི”བྱ་སྤྱོད་རྒྱུན་མཐུད་སྤེལ་བ་མཁྱེན་སྐབས་ཧུའུ་ཁྲང་ཧྲེང་གིས་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཞིབ་བསྡུར་བྱས་ནས་ལས་བྱེད་པ་དང་ཏང་ཡོན་ལ་སློབ་གསོ་གསོ་སྦྱོང་སྤེལ་བའི་ཏང་གི་སློབ་གྲྭའི་ཐབས་ལམ་གཙོ་བོའི་ནུས་པ་འདོན་པ་དང་། རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་། ཏང་གཤིས་ཀྱི་སློབ་གསོ། ནུས་པ་གསོ་སྦྱོང་བཅས་ཀྱིས་མཉམ་དུ་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་དང་། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་ཡོང་བར་བྱེད་པ། ཤེས་དཔལ་སྲོལ་བཟང་དར་སྤེལ་གཏོང་བ་བཅས་ཀྱི་རིམ་ཁག་ཏང་ཡོན་ལས་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ཁྲེང་ཀོན་ཆུས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དང་། ཚལ་གུང་ཐང་གི་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས། ཤང་དང་གྲོང་རྡལ་གྱི་མི་དམངས་འདུམ་འགྲིག་ཨུ་ལྷན་གཞུང་ལས་ཁང་བཅས་སུ་ཧུའུ་ཁྲང་ཧྲེང་གིས་གཞི་རིམ་བཅོས་སྐྱོང་དང་སྡོད་བྱ་སྲུང་བྱ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས། འགན་འཁྲི་དང་ལས་འགན་ཡག་པོ་སྒྲུབ་པ་དང་། ཞིབ་བཤེར་གྱི་བརྒྱུད་རིམ་རྒྱུན་མཐུད་ཚད་ལྡན་དུ་གཏོང་བ། ཉེན་རྟོག་པ་ལས་གནས་ཐོག་ཡོད་ཚད་དང་དོ་དམ་བྱེད་ཚད་མཐོ་རུ་གཏོང་བ། འཕྲལ་སྡོམ་ཐག་གཅོད་ཀྱི་སྔོན་ཇུས་ཏན་ཏིག་དང་ཞིབ་ཚགས་བཟོ་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ཧུར་ཐག་བྱེད་དགོས་པ་དང་། གཞི་རིམ་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱས་ཏེ་ཚང་མའི་འབྱུང་འགྱུར་གྱི་སེམས་ཁྲལ་སེལ་རོགས་བྱས་ནས་ཁོང་ཚོ་བློ་བདེ་པོ་ཡོང་བ་དང་། གནས་བཅའ་ས་ཡོད་པ། ལས་བརྩོན་ཐུབ་པ་བཅས་ཡོང་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ལྷ་ས་གྲོང་ཁྱེར་ཨར་སྐྲུན་གད་སྙིགས་ཐོན་ཁུངས་ཅན་གྱི་བེད་སྤྱོད་དང་གཙང་སེལ་ལྟེ་གནས་དང་། སྐུ་འབུམ་ཐང་ཕྱོགས་བསྡུས་ཞིང་ཟོག་ཁྲོམ་ར། ལྷ་ས་གྲོང་ཁྱེར་སེམས་དྲོད་འབར་རླངས་ཚ་ཤུགས་ཚད་ཡོད་འགན་འཁྲི་ཀུང་སི། 《འུན་ཤིང་ཀོང་ཇོ》དངོས་ལྗོངས་ཟློས་གར་འཁྲབ་ཡུལ་བཅས་སུ་ཧུའུ་ཁྲང་ཧྲེང་གིས་ཨར་སྐྲུན་གད་སྙིགས་ཚད་ལྡན་ཅན་གྱི་གཙང་སེལ་དང་། དམངས་འཚོའི་དངོས་ཟོག་མཁོ་སྤྲོད། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ནན་ཏན་གནང་ཞིང་། ཁོང་གིས། གཅིག་ཤེས་ཀུན་གྲོལ་གྱིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ལན་སྤྲོད་གནད་དོན་དག་ཐེར་ལ་སྐུལ་འདེད་གཏོང་བ་དང་། ལག་རྩལ་གྱི་བརྒྱུད་རིམ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། ཕུང་གསོག་ཐེབས་པའི་ཨར་སྐྲུན་གྱི་གད་སྙིགས་གཙང་སེལ་ལ་ཤུགས་སྣོན་རྒྱག་པ། ཨར་སྐྲུན་གྱི་གད་སྙིགས་ཐོན་ཁུངས་ཅན་གྱི་བེད་སྤྱོད་ཆུ་ཚད་མཐོ་རུ་བཏང་ནས། ཁོར་ཡུག་གི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། དཔལ་འབྱོར་གྱི་ཕན་འབྲས་བཅས་གཅིག་གྱུར་དམ་ཟབ་ཡོང་བར་བྱེད་དགོས། དམངས་འཚོ་འགན་ལེན་རྒྱུན་མཐུད་དང་ལེགས་སུ་གཏོང་བ་དང་། བསམ་པའི་རིག་གནས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ། ལས་ཀ་དང་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་རང་ཁྱིམ་གྱི་སྒོ་རྩ་ནས་ཡུལ་སྐོར་གྱི་ཡོང་འབབ་གསོག་ཐུབ་པར་བྱས་ནས་ཁོང་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
བོད་ལྗོངས་ཅུས་ལུང་ཟངས་ལས་ཚད་ཡོད་ཀུང་སིའི་རིག་ལྡན་གཏེར་རི་བཀོད་གཏོང་ལྟེ་གནས་དང་འདམ་གཞུང་རྫོང་འབྲི་གཡག་གི་ཁམས་དཀར་འཁྱགས་གཏོང་ས་ཚིགས་སུ་ཕེབས་སྐབས། ཧུའུ་ཁྲང་ཧྲེང་གིས་ལྗང་མདོག་གཏེར་རི་འཛུགས་སྐྲུན་དང་། བདེ་འཇགས་ཐོན་སྐྱེད། འབྲོག་ལས་ཚན་རྩལ་གཞན་སྒྱུར་བེད་སྤྱོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས། སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་ལག་རྩལ་སྤྱད་དེ། སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་དགོས་པ་དང་། ཚན་རྩལ་དང་ཤེས་ལྡན་པས་མཐུན་རྐྱེན་སྦྱོར་ཤུགས་དང་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱུད་བཟང་འདེམས་གསོ་དང་རྒྱུད་སྤེལ་ཁྱབ་གདལ་གཏོང་བའི་འཁོར་འབྲེལ་ཧྲིལ་པོ་ཤར་གཏོང་བྱེད་པ། ཐོན་ལས་ཀྱི་ཞིང་འབྲེལ་ཞིང་ཁྲིད་ཞིང་ཕྱུག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་ནས་འབབ་འཕར་ཡོང་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ལྷ་སའི་SOSབྱིས་པའི་གྲོང་ཚོ་དང་ལྷུན་གྲུབ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་སུ་ཧུའུ་ཁྲང་ཧྲེང་གིས“ལས་རིགས་ཨ་མ”དང་། རྒན་རྒོན། ཕྲུ་གུ་བཅས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ཞིང་། ཁོང་གིས། གཅེས་སེམས་ཀྱིས་ཕྱུག་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཏང་ཡོན་ལས་བྱེད་པའི་ཆ་སྒྲིག་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དྭ་ཕྲུག་དང་དཀའ་ངལ་ཡོད་པའི་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཐུན་མོང་ཐོག་རོགས་རམ་བྱེད་པ། ཕྲུ་གུ་ཚོར་སློབ་སྦྱོང་ཡག་པོ་བྱེད་པ་དང་འཇོན་ཐང་ཆེ་རུ་གཏོང་བའི་སློབ་གསོ་ཁྲིད་སྟོན་བྱས་ནས། སྤྱི་ཚོགས་ལ་ཕན་པའི་མི་ཞིག་ཆགས་པར་བྱེད་དགོས་པ་དང་། ལས་མི་ཡོངས་ཀྱི་བདེ་འཇགས་འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒན་འཕྲོད་ཅན་གྱི་སྒྲིག་བཀོད་ལེགས་སུ་གཏོང་བ། མི་ཧྲེང་རྒན་རྒོན་གཉེན་ཉེར་བརྩི་བ། བརྩེ་བ་ཟབ་མོས་རྒན་རྒོན་ཚང་མར་ངང་རྒྱུད་རིང་ལ་ཞིབ་ཚགས་པོས་ལྟ་རྟོག་ཡག་པོ་བཅས་བྱས་ཏེ། རྒན་རྒོན་ཚོའི་བདེ་ཐང་ལ་དེ་བས་འགན་ལེན་ཡོད་པ་དང་འཚོ་བར་དེ་བས་སྤུས་ཚད་ལྡན་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
རྭ་སྒྲེང་དགོན་དང་མཉེས་ཐང་སྒྲོལ་མ་ལྷ་ཁང་དུ་ཕེབས་སྐབས། ཧུའུ་ཁྲང་ཧྲེང་གིས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་དགེ་འདུན་པའི་འཐུས་མི་དང་བཞུགས་མོལ་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བཅས་བྱེད་དགོས་པ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་དང་རྒྱ་ཆེར་སྤེལ་བ། དུས་བདེ་ཞི་མཐུན་གྱི་དགོན་སྡེ་འཛུགས་སྐྲུན་བྱེད་པ། ཆོས་ལུགས་ཞི་དུལ་དང་སྤྱི་ཚོགས་ཞི་མཐུན་གྱི་རྣམ་པ་བཟང་པོ་རྒྱུན་མཐུད་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས་པ། ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་ཡག་པོ་སྤེལ་བ་དང་། སྤྱི་ཚོགས་ཞི་མཐུན་དང་། དུས་རབས་ཡར་ཐོན། སྐྱོན་བྲལ་ཤེས་དཔལ་བཅས་ལ་ཕན་པའི་འདུལ་ཁྲིམས་དང་བསྟན་དོན་གྱི་ནང་དོན་སྔོག་འདོན་གཏིང་ཟབ་བཅས་བྱས་ཏེ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པ། རྒྱ་ཆེའི་གྲྭ་དམངས་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱས་ནས་རིག་དངོས་སྲུང་སྐྱོབ་དང་། མེ་ཟོན་བདེ་འཇགས། ནགས་ཚལ་མེ་ཟོན་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།
ཧུའུ་ཁྲང་ཧྲེང་གིས་ད་དུང་གྲོང་གསེབ་ཀྱི་འཕྲོད་བསྟེན་ཁང་ལ་གཟིགས་ཞིབ་གནང་ནས་སྨན་བཅོས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། བདེ་ཐང་གི་ཡིག་ཚགས་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་བདེ་ཐང་སྲུང་མཁན་ཡག་པོ་ཞིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀུང་ཧུའེ་ཚའེ་དང་ཟླ་བ་ཚེ་རིང་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།