རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས།
“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་བོད་ཀྱི་བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་གནས་ཚུལ་ངོ་སྤྲོད་བྱས་པ།
ཟླ་11ཚེས་19ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པ་འཚོགས་ནས། རང་ལྗོངས་ཀྱིས་སྒྲིག་བཟོ་བྱས་ནས་པར་འགྲེམས་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་འཕེལ་རྒྱས་འཆར་འགོད(2026ནས་2030ལོའི་བར)》དང《བོད་རང་སྐྱོང་ལྗོངས་ཀྱི་བྱིས་པའི་འཕེལ་རྒྱས་འཆར་འགོད(2026ནས་2030ལོའི་བར)》(གཤམ་དུ“འཆར་འགོད་གཉིས”ཞེས་བསྡུ་རྒྱུ)ཀྱི་ནང་དོན་གཙོ་བོ་དང་ཁྱད་ཆོས་ངོ་སྤྲོད་བྱས་པ་རེད།
ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པར་གཞིགས་ན། “འཆར་འགོད་གཉིས”ནི་གླེང་གཞི་དང་ནང་དོན་གཙོ་བོ་ཁག་བཞི་ལས་གྲུབ་པ་ཡིན་ཞིང་། གླེང་གཞིའི་ནང་འཆར་འགོད་སྒྲིག་བཟོ་བྱེད་པའི་རྒྱབ་ལྗོངས་དང་དོན་སྙིང་ལ་རྒྱས་བཤད་བྱས་པ་དང་ཆབས་ཅིག་འཕྲད་སྲིད་པའི་གོ་སྐབས་དང་འགྲན་སློང་ལ་དབྱེ་ཞིབ་བྱས་ཡོད། ཁག་དང་པོའི་ནང་དུ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་གཏོང་བའི་རྩ་བའི་གཞི་འཛིན་ས་དང་། རིན་ཐང་གི་སྟོན་ཕྱོགས། སྤྱིའི་བླང་བྱ་བཅས་ཁ་གསལ་བཏོན་ཡོད་ལ། 2030ལོར་སླེབས་སྐབས་ཀྱི་སྤྱིའི་འཕེལ་རྒྱས་དམིགས་ཚད་ཀྱང་བཏོན་ཡོད། ཁག་གཉིས་པ་ནི་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཁྱབ་ཁོངས་དང་། དམིགས་འབེན་གཙོ་བོ། ཐབས་ཇུས་དང་བྱེད་ཐབས་བཅས་ཡིན་ཞིང་། དེ་གཉིས་ལས་བུད་མེད་ཀྱི་འཕེལ་རྒྱས་འཆར་འགོད་ནང་བུད་མེད་དང་འབྲེལ་བའི་བདེ་ཐང་དང་། སློབ་གསོ། དཔལ་འབྱོར། ཇུས་ཐག་གཅོད་པའི་ནང་ཞུགས་པ་དང་དོ་དམ་བྱེད་པ། སྤྱི་ཚོགས་འགན་སྲུང་། ཁྱིམ་ཚང་འཛུགས་སྐྱོང་། ཁོར་ཡུག བཅའ་ཁྲིམས་བཅས་ཁྱབ་ཁོངས་8བཀོད་སྒྲིག་བྱས་ནས་དམིགས་འབེན་གཙོ་བོ་ཁག་76དང་ཐབས་ཇུས་བྱེད་ཐབས་ཁག་82བཏོན་ཡོད། བྱིས་པའི་འཕེལ་རྒྱས་འཆར་འགོད་ནང་བྱིས་པ་དང་འབྲེལ་བའི་བདེ་ཐང་དང་། བདེ་འཇགས། སློབ་གསོ། ཕན་བདེ། ཁྱིམ་ཚང་། ཁོར་ཡུག བཅའ་ཁྲིམས་སྲུང་སྐྱོང་བཅས་ཁྱབ་ཁོངས་7བཀོད་སྒྲིག་བྱས་ནས་དམིགས་ཚད་གཙོ་བོ་ཁག་75དང་ཐབས་ཇུས་བྱེད་ཐབས་ཁག་79བཏོན་ཡོད། ཁག་གསུམ་པ་ནི་སྒྲིག་འཛུགས་དང་ལག་བསྟར་བྱ་རྒྱུ་ཡིན། དེར་གཙོ་བོ་ཏང་གིས་བུད་མེད་དང་བྱིས་པའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། འཆར་འགོད་ལག་བསྟར་གྱི་འགན་འཁྲི་དོན་འཁྱོལ། འཆར་འགོད་དང་བོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་སྦྲེལ་མཐུད་ལ་ཤུགས་སྣོན། ས་གནས་ཀྱི་བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་དང་སྡེ་ཚན་གྱི་ལག་བསྟར་ཇུས་གཞི་བཟོ་བ་སོགས་ཕྱོགས་11ཐད་ནས་འགན་ལེན་བྱེད་ཐབས་ཞིབ་ཕྲ་བཏོན་ཡོད། ཁག་བཞི་པ་ནི་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་ཡིན་ཞིང་། དེར་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་དང་། སྒྲིག་འཛུགས་དང་འགོ་ཁྲིད། ཕོ་མོ་དབྱེ་ནས་བསྡོམས་རྩིས་དང་ལྟ་ཞིབ་ཚད་ལེན་སོགས་ཕྱོགས་ལྔའི་ཐད་ནས“འཆར་འགོད་གཉིས”ཀྱི་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་བཏོན་ཡོད་པ་རེད།
རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་སྲིད་གཞུང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསྟན་སྒྲོན་གྱིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག“ལོ་ལྔ་ཚན་བཅོ་ལྔ་པའི”“འཆར་འགོད་གཉིས”ཀྱི་དྲིལ་བསྒྲགས་གསོ་སྦྱོང་དང་སྒྲིག་འཛུགས་ལག་བསྟར་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས། འཆར་འགོད་ཀྱི་དམིགས་ཚད་ལས་འགན་དེ་མི་རིགས་ཁག་གི་བུད་མེད་དང་བྱིས་པས་མྱོང་ཚོར་ཐུབ་པའི་བདེ་སྐྱིད་ཀྱི་དངོས་ལྗོངས་སུ་འགྱུར་བར་བྱས་ཏེ། ལྗོངས་ཡོངས་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་ལ་རྣམ་པ་གསར་པ་འབད་འཐབ་ཆེན་པོས་གཏོད་ཀྱི་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།