ཧུའུ་ཁྲང་ཧྲེང་གིས་གཞིས་རྩེ་གྲོང་ཁྱེར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་དང་བརྟག་ཞིབ་གནང་བ།
ཀུང་ཧུའེ་ཚའེ་དང་ཧོ་ལུའུ་ཁྲུན་ཞུགས་པ།

འདི་ནི་པ་སྣམ་རྫོང་ནོར་ཁྱུང་གྲོང་རྡལ་ལྕོག་རོ་གྲོང་ཚོར་ཧུའུ་ཁྲང་ཧྲེང་གིས་མཚམས་ཆུང་ཁྱིམ་གྱི་ནང་མི་དང་བྱམས་བརྩེའི་བཀའ་མོལ་གནང་བཞིན་པ།
སྤྱོད་ཚུལ་ནན་པོ་དང་བྱེད་ཐབས་ཏན་ཏིག་ལ་བརྟེན་ནས་ལས་དོན་ཁག་ཕྱོགས་ཡོངས་ནས་གོང་མཐོར་འགྲོ་བར་སྐུལ་འདེད་བཏང་སྟེ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་སྙོམས་ངང་མི་དམངས་ཡོངས་ལ་ཕན་པ་ཐོབ་པར་བྱེད་དགོས།
ཟླ་11ཚེས་14ཉིན་ནས་ཚེས་16ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་དང་། པ་སྣམ་རྫོང་། རྒྱལ་རྩེ་རྫོང་། ཁང་དམར་རྫོང་། གྲོ་མོ་རྫོང་། གམ་པ་རྫོང་བཅས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད་བརྟག་ཞིབ་ཀྱང་གནང་བ་རེད། ཁོང་གིས། བསམ་བློ་དང་བྱ་སྤྱོད་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱེད་པ། སྤྱོད་ཚུལ་ནན་པོ་དང་བྱེད་ཐབས་ཏན་ཏིག་ལ་བརྟེན་ནས་ལས་དོན་ཁག་ཕྱོགས་ཡོངས་ནས་གོང་མཐོར་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་ལས་མི་དམངས་ཡོངས་ལ་ཕན་པ་དེ་བས་དྲང་སྙོམས་ཐོབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཧུའུ་ཁྲང་ཧྲེང་གིས་ཐོག་མཐའ་བར་གསུམ་དུ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་ཀ་དང་འཚོ་བར་ཐུགས་ཁྲལ་གནང་གི་ཡོད། རྫོང་ཁག་ཏུ་ཕེབས་རིམ་བཞིན་ཧུའུ་ཁྲང་ཧྲེང་གིས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་རྣམ་པའི་ཐོག་ནས་གྲོང་ཚོ་དང་དུད་ཚང་དུ་ཕེབས་ཏེ། ལས་བྱེད་པ་དང་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་གནང་བ་དང་། ཁྱིམ་ཚང་གི་ཡོང་འབབ་དང་གཞི་རིམ་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱེད་པ་དང་། “གངས་ལྗོངས་ཀྱི་མཁར་རྫོང་འདུ་འགོད”འཛུགས་སྐྱོང་ཤུགས་ཆེན་བྱེད་པ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ། གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་བར་མཐུན་རྐྱེན་སྦྱོར་བ་བཅས་བྱས་ནས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་ཏང་ཡོན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུན་ཆད་མེད་པར་རྒྱག་དགོས། རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱེད་པ་མཐའ་འཁྱོངས་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་གཏོང་བ། ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་རྒྱ་ཁྱབ་སྤེལ་བ། སེམས་ནུས་ཡོད་རྒུས་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས། རང་འགུལ་ངང་བདེ་འཇགས་དང་བརྟན་ལྷིང་གཏོད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འགལ་ཟླ་དང་རྩོད་གཞི་སྣ་ཚོགས་གྲལ་བཤེར་གཏིང་ཟབ་ཀྱིས་སེལ་བ། མང་ཚོགས་ཀྱི་རེ་སྒུག་གསར་པ་དང་རེ་འབོད་གསར་པར་ལན་གནད་སྨིན་སློག་པ་བཅས་བྱས་ཏེ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་དེ་བས་ཡག་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད། ས་བབ་སྨི་5070ཡི་གམ་པ་རྫོང་རོག་མོ་གྲོང་གསར་དུ་ཧུའུ་ཁྲང་ཧྲེང་གིས་ལས་བྱེད་པ་དང་མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་གནང་སྐབས། ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་རོགས་རམ་འོག དུད་ཚང་ཚང་མར་དྲོད་རླངས་དང་། གསོ་རླུང་། ཆུ་བཅས་མཁོ་འདོན་ཐུབ་པ་མ་ཟད། ད་དུང་གཟུགས་པོ་ཁྲུས་ཁང་ཡང་ཡོད་པ་སོགས་འཚོ་བ་བདེ་སྐྱིད་ལྡན་པ་མཁྱེན་རྟོགས་བྱུང་ཡོད། ཧུའུ་ཁྲང་ཧྲེང་གིས། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་ཚོར་བར་བྱས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་ཧུར་ཐག་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དམིགས་སའི་རང་བཞིན་ལྡན་པའི་སྲིད་ཇུས་དང་བྱེད་ཐབས་བཟོས་ཏེ། ཡུལ་བབ་དང་བསྟུན་ནས་མཐའ་མཚམས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་བཏང་སྟེ། ཚང་མ་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱས་ནས་ཐུན་མོང་ཐོག་དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་མཐའ་མཚམས་འཛུགས་སྐྲུན་བྱེད་དགོས། གཞི་རིམ་གྱི་ལས་བྱེད་ལས་བཟོ་དང་ལྷག་པར་དུ་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་ལས་བྱེད་ལས་བཟོར་ཐབས་བརྒྱ་ཇུས་སྟོང་གིས་སེམས་ཁུར་བྱས་ཏེ་ཚང་མ་བློ་བདེ་པོའི་ངང་ལས་སྒྲུབ་ལས་གཏོད་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།
གཞིས་རྩེའི་ཇོ་མོ་གླང་མ་དེང་རབས་ཞིང་ལས་ཚན་རྩལ་གསར་གཏོད་འགྲེམས་ཚོགས་གླིང་དང་། བོད་ལྗོངས་ཀའོ་ཧྥུང་སྐྱེ་ཁམས་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི། རིན་སྤུངས་རྫོང་ཁང་གཞུང་ཤང་གཡག་ཐེར་འཁེལ་འཐག་ཐོན་རྫས་ཞིང་པའི་ཆེད་ལས་མཉམ་ལས་ཁང་། གམ་པ་རྫོང་དགོན་པ་གྲོང་ཚོའི་མི་སེར་ཁྱིམ་གྱི་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་བཅས་སུ་ཕེབས་སྐབས། ཧུའུ་ཁྲང་ཧྲེང་གིས་ཐོན་སྐྱེད་གཉེར་སྐྱོང་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་ཁྲིད་བྱས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་ཞིང་། ཁོང་གིས། དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། སྤུས་རྟགས་ཡག་པོ་གཏོད་པ། ཁྲོམ་ར་རྒྱ་ཆེར་གཏོང་བ། གཉེར་སྐྱོང་ཕན་འབྲས་ཆེ་རུ་གཏོང་བ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་སྟོབས་ཆེར་གཏོང་བ། ཐོན་ལས་ཀྱི་ཞིང་འབྲེལ་ཞིང་ཁྲིད་དང་ཞིང་ཕྱུག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞིང་འབྲོག་པ་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་འབབ་འཕར་ཐུབ་པར་སྐུལ་ཁྲིད་བྱེད་པ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཁང་དམར་རྫོང་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་ལྟེ་གནས་སུ་ཧུའུ་ཁྲང་ཧྲེང་གིས་འཁྱགས་མཚོའི་ཆུ་ཁ་ཤོར་བའི་ཉེན་ཁའི་རིགས་འདེད་བརྙན་ལམ་ལ་གཟིགས་ནས་ཉེན་ཁ་ཆེ་བའི་འཁྱགས་མཚོའི་འཁྱགས་རོམ་ཁྱབ་ཚུལ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ། དེ་བཞིན་ཉེན་ཁ་འགོག་ཟོན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་སྤེལ་རེས་དང་ཞིབ་འཇུག་བརྡར་གཅོད་གནང་ཞིང་། ཁོང་གིས། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱེད་པ་དང་། མཐའ་ཚད་ཀྱི་བསམ་བློ་དང་མཐའ་ཟད་ཀྱི་བསམ་གཞིག་བརྟན་པོ་འཛུགས་པ། འཁྱགས་མཚོ་དང་འཁྱགས་རོམ་ལ་ཕྱོགས་ཡོངས་ནས་རྩད་ཞིབ་དང་བརྟག་དཔྱད་བྱེད་པ། ཉེན་ཁའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་མཐིལ་རྟོགས་ནུས་ལྡན་བྱེད་པ། གཅིག་གྱུར་ནུས་ཆེའི་བཀོད་འདོམས་བཀོད་གཏོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྟབས་བསྟུན་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བ་དང་དངོས་འཐབ་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་གནས་སྤོ་ཉེན་གཡོལ་གྱི་ལས་དོན་ཏན་ཏིག་དང་ཞིབ་ཚགས་སྒྲུབ་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ས་ཡུལ་དངོས་སུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་བརྟག་ཞིབ་དང་། ཀྲུང་གུང་རྒྱལ་རྩེ་ཡན་ལག་ལས་དོན་ཨུ་ལྷན་གྱི་བཤམས་སྟོན་ཁང་ལ་གཟིགས་སྐོར། གམ་པ་རྫོང་ཆ་ཚང་སློབ་ཆུང་དང་རྫོང་དེའི་ཁྲོམ་རའི་གཉེར་སྐྱོང་བྱེད་པོ་ཁག་གཅིག་ལ་འཚམས་འདྲི་བཅས་གནང་སྐབས། ཧུའུ་ཁྲང་ཧྲེང་གིས། བོད་ཀྱི་རིན་ཐང་ཆེ་ཤོས་དང་འགན་འཁྲི་ཆེ་ཤོས་སྐྱེ་ཁམས་ཡིན་ལ། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ལ་ལྡན་པ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་གི་ནུས་པ་ཆེ་རུ་རྒྱུན་ཆད་མེད་པར་གཏོང་བ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ཧུར་ཐག་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་སྐྲུན་དགོས། གསར་བརྗེའི་ཐོན་ཁུངས་ལེགས་སྒྲིག་རྒྱུན་མཐུད་བྱེད་པ་དང་གསར་བརྗེའི་ལོ་རྒྱུས་ཀྱི་དུས་རབས་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་ཏེ། བོད་གསར་རྙིང་བསྡུར་བའི་སློབ་གསོ་དང་བོད་ཀྱི་ཞིང་བྲན་ལོ་རྒྱུས་ཀྱི་སློབ་གསོ་ཡག་པོ་སྤེལ་ནས་གསར་བརྗེའི་སྙིང་སྟོབས་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་དགོས། སློབ་གྲྭའི་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་བར་བྱེད་པ། སློབ་གྲྭའི་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་ཆེད་ལས་སློབ་ཁང་དུ་གང་ལེགས་སྤེལ་བ། སློབ་མའི་རྒྱལ་གཅེས་བརྩེ་སེམས་ཟབ་ཏུ་གཏོང་བ་བཅས་བྱས་ནས་དུས་རབས་ཀྱི་མི་གསར་གསོ་སྐྱོང་ཧུར་ཐག་བྱེད་དགོས། ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་བཟའ་བཅའི་བདེ་འཇགས་ཀྱི་འཁོར་འབྲེལ་ཧྲིལ་པོར་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱིས་བློ་བདེ་པོས་ཉོ་ཐུབ་པ་དང་། ཟ་ཐུབ་པ། སྤྱོད་ཐུབ་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
བྱམས་ཆེན་དགོན་དང་། ར་ལུང་དགོན། དཔལ་ཆོས་དགོན། དུང་དཀར་དགོན་བཅས་སུ་ཕེབས་སྐབས། ཧུའུ་ཁྲང་ཧྲེང་གིས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་དགེ་འདུན་པའི་འཐུས་མི་དང་སྤེལ་རེས་གནང་ནས་དགོན་སྡེའི་དོ་དམ་ལས་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཁྲིམས་སྲུང་སྡོམ་སྲུང་མཐའ་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བཅས་བྱས་ཏེ་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་སྐུ་ཡོན་ཆེ་བ། ཀུན་སྤྱོད་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་དངོས་འབྲེལ་ཐུབ་པར་བྱེད་དགོས་པ་དང་། རྒྱ་ཆེའི་གྲྭ་དམངས་ལ་སེམས་ཁུར་དང་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། རིག་དངོས་སྲུང་སྐྱོབ་དང་མེ་ཟོན་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།
གྲོ་མོ་རྫོང་ལྟེ་བའི་སྨན་ཁང་དུ་ཕེབས་སྐབས། ཧུའུ་ཁྲང་ཧྲེང་གིས་ནད་བརྟག་སྨན་བཅོས་ཁང་དང་བརྙན་པར་ཁང་སོགས་ལ་ཞིབ་པར་གཟིགས་པ་དང་སྨན་དོན་མི་སྣ་དང་སྤེལ་རེས་གནང་ཞིང་། ཁོང་གིས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་བྱེད་པ་དང་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ཐོན་ཁུངས་ཡག་པོ་སྤྱད་ནས། “ནམ་ཡང་གནས་ཐུབ་པའི”སྨན་བཅོས་ཤེས་ལྡན་པའི་དཔུང་ཁག་ཧུར་ཐག་བཏོད་དེ། མི་དམངས་མང་ཚོགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་དགོས་མཁོ་སྣ་མང་དེ་བས་ལེགས་པའི་ངང་སྐོང་དགོས་པའི་ནན་བཤད་གནང་བ་རེད། ཁང་དམར་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་ཧུའུ་ཁྲང་ཧྲེང་གིས་རྒན་རྒོན་ཚོ་དང་བྱམས་བརྩེའི་བཀའ་མོལ་གནང་ཞིང་། ཁོང་གིས། རྒན་བཀུར་རྒན་གཅེས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ངང་རྒྱུད་རིང་ལ་ཞིབ་ཚགས་པོས་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་རྒན་རྒོན་ཚོ་ཚེ་མཇུག་བདེ་ལ་རོལ་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།