ཀརྨ་ཚེ་བརྟན་གྱིས་མངའ་རིས་ས་ཁུལ་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་དང་བརྟག་ཞིབ་གནང་བ།
ཟླ་11ཚེས་11ནས་13ཉིན་བར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དང་། སྒར་རྫོང་། དགེ་རྒྱས་རྫོང་། སྒེར་རྩེ་རྫོང་། མཚོ་ཆེན་རྫོང་བཅས་སུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ་བརྟག་ཞིབ་ཀྱང་གནང་ཞིང་། ཁོང་གིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྟོབས་ཆེར་གཏོང་བ་དང་། ཐབས་བརྒྱ་ཇུས་སྟོང་གིས་ཁྱད་ལྡན་ཐོན་ལས་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་ནས་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་ཁྲིད་བྱས་ཏེ། དངོས་སྒྲུབ་དངོས་ཕན་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཁྱད་ལྡན་ཐོན་ལས་ནི་འཕེལ་རྒྱས་ཀྱི་རྨང་གཞི་དང་དངོས་ཚན་དཔལ་འབྱོར་ནི་དམངས་ཕྱུག་གི་འདེགས་སྐྱོར་ཡིན་ཞིང་། ཀརྨ་ཚེ་བརྟན་སྤུ་ཧྲེང་རྫོང་བར་ག་གྲོང་རྡལ་དར་ཆེན་ཡུལ་སྐོར་གྲོང་རྡལ་ཆུང་ངུ་དང་། མཚོ་ཆེན་རྫོང་ཐོན་ལས་ཕྱོགས་བསྡུས་རྟེན་གཞིའི་མཉམ་ལས་ཁང་། སྒེར་རྩེ་རྫོང་འོ་མ་ཤང་འཆམ་གུག་གྲོང་ཚོ་བཅས་སུ་ཕེབས་ནས། རིག་གནས་ཡུལ་སྐོར་འཕེལ་རྒྱས་དང་། མཉམ་ལས་ཁང་གཉེར་སྐྱོང་། དེང་རབས་གནས་འཕྲོད་ཞིང་པའི་སྡོད་ཁང་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བ་དང་། ཁྱད་ལྡན་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། སྲུང་སྐྱོང་ཁྲོད་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ལ་སྤྱི་འདོམས་བྱས་ནས། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བ་དང་། འབྲོག་ལས་དང་ཞིང་ལས་ཀྱི་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་ཤུགས་ཆེ་རུ་གཏོང་བ། མཛོད་ཉར་གྲང་ཕྲེང་དང་འཁོར་རྒྱུག་ཕྱིར་ཚོང་གི་ལེ་ལག་ཚང་དུ་གཏོང་བ། འདེབས་གསོ་དང་། ལས་སྣོན། ཕྱིར་ཚོང་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་རྟགས་གཏོད་པ། ཞིང་འབྲེལ་ཞིང་སྐུལ་གྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱེད་དགོས། “ཁྲི་སྟོང་ལས་གཞིའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱད་ནས་ཞིང་འབྲོག་པའི་སྡོད་སའི་ཆ་རྐྱེན་རྒྱུན་མཐུད་ལེགས་སུ་བཏང་སྟེ། གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་ཚད་གཞི་མཐོན་པོས་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།
མ་ཕམ་གཡུ་མཚོར་ཕེབས་སྐབས། ཀརྨ་ཚེ་བརྟན་གྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ལན་སྤྲོད་གནད་དོན་དག་ཐེར་བྱས་ཚུལ་ལ་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་གནང་ནས། སྐྱེ་ཁམས་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ནན་པོ་ཁུར་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། དམིགས་ཚད་ཕྱོགས་སྟོན་དུ་འཛིན་པ། གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་པ་བཅས་མཐའ་འཁྱོངས་ཀྱིས་བཀག་སྡོམ་དག་ཐེར་ལ་སྐུལ་འདེད་ནན་པོ་བཏང་ནས་ཕན་འབྲས་ཐོན་པར་བྱེད་དགོས་པ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། སྐྱེ་ཁམས་ལས་གནས་དང་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། སྐྱེ་ཁམས་ཀྱི་རིན་ཐང་གཞན་སྒྱུར་ཐབས་ལམ་རྒྱ་ཆེར་བཏང་སྟེ་མང་ཚོགས་ཚོར་སྐྱེ་ཁམས་ལས་བྱུང་བའི་ཁེ་སྤོགས་མཉམ་སྤྱོད་བྱེད་དུ་འཇུག་དགོས་པའི་བླང་བྱ་བཏོན་གནང་བ་རེད།
བརྟག་ཞིབ་གནང་རིང་། ཀརྨ་ཚེ་བརྟན་གྱིས་པད་མ་རིག་འཛིན་དང་ཟླ་རྡོར་གྱི་ཁྱིམ་དུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་སྟེ་ཁོང་ཚོར་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་། ས་གནས་དེ་གའི་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་ཁྱིམ་ཚང་གི་ཚོང་གཉེར་དང་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཡག་པོ་སྦྱོང་བ་བཅས་བྱས་ཏེ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བ་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད། ཁོང་གིས་ད་དུང་ཁྲོམ་གཞུང་གི་ཚོང་ཁང་དུ་ཕེབས་ནས་ཚོང་གཉེར་གྱི་གནས་ཚུལ་མཁྱེན་རྟོགས་གནང་སྟེ་ཚོང་དེ་བས་བྲིན་ཁ་རྒྱུག་པོ་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།
ཀརྨ་ཚེ་བརྟན་གྱིས་ད་དུང་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྦྲག་བསྐུར་ཟོག་འགྲེམས་མ་ལག་འཁོར་སྐྱོད་དང་སྒར་རྫོང་མོན་འཚེར་ཤང་གི་རིག་དངོས་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་ཀྱང་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།