རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་གཙོ་སྐྱོང་གནང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། འཕྲིན་ལན་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།
ཟླ་11ཚེས་13ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། འཕྲིན་ལན་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་ཞབས་སུན་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་ངོ་160འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། སྐུ་ཞབས་སུན་ཀྲུང་ཧྲན་གྱི་རྒྱལ་གཅེས་རྒྱལ་སྐྱོབ་དང་། དམངས་ལ་བརྩེ་སེམས་འཆང་བ། བདེན་དོན་དོན་གཉེར། ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ། མཐུན་སྒྲིལ་དར་སྤེལ། གནམ་འོག་ཀུན་ཐུགས་ལ་འཆང་བ་བཅས་ཀྱི་རྩ་ཆེའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་འཐབ་ཇུས་ངེས་གནས་ལ་སྟངས་འཛིན་ནན་པོ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་གཟི་བརྗིད་ལྡན་པའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། རང་རྟོགས་ངང་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་དེ་བས་གོ་བ་གཏིང་ཟབ་ལེན་པ། ཏང་ལ་ལྷག་བསམ་རྣམ་དག་ཞུ་བའི་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ནས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་ཀྱིས་འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་ལེན་དང་ལེགས་སུ་རྒྱུན་མཐུད་གཏོང་བ་དང་། དམངས་ཆེད་བྱ་བ་སྒྲུབ་པའི་འཇོན་ཐང་ངོ་མ་སྦྱོང་བརྡར་བྱེད་པ། སེམས་ནུས་ཡོད་རྒུས་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་དེ་བས་ཞི་མཐུན་ཡོང་བ་བཅས་བྱེད་དགོས། རྒྱལ་གཅེས་ཀྱི་བརྩེ་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་ཡག་པོ་སྤེལ་བ། མི་རིགས་ཁག་གི་མང་ཚོགས་ལ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུའི་ཁྲིད་སྟོན་བྱེད་པ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བཅས་བྱེད་དགོས། དམིགས་ཚད་དེ་བས་མཐོན་པོས་དངོས་སྒྲུབ་ལས་བརྩོན་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་བ། “དོན་ཆེན་བཞིར”དམ་འཛིན་གཏིང་ཟབ་དང་ཡག་པོ་རྒྱུན་མཐུད་བྱེད་པ། དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པའི”ནུས་པ་འདོན་པ་བཅས་བྱས་ནས། བསྡུར་སློབ་སྙེག་བརྒལ་དང་། སྔོན་ཐོན་བརྩོན་ལེན། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་གྲོང་ཁྱེར་གྱི་ཆུས་མི་དམངས་འཐུས་ཚོཌ་ཀྱི་འཐུས་མི་སྐབས་བརྗེའི་འདེམས་བསྐོའི་འདེམས་ཤོག་འཕེན་པའི་ནང་ཞུགས་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་དང་ཨོ་སི་ཁྲུ་ལི་ཡའི་ན་གཞོན་སློབ་མར་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ། ཁྲིམས་ལྟར་ལས་དོན་ནན་པོ་སྒྲུབ་པ་བཅས་མི་དམངས་འཐུས་ཚོགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པར་བྱེད་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་གཏིང་ཟབ་བསྟར་བ། འཐུས་མིའི་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་རྒྱུན་མཐུད་གཏོང་བ། གཞི་རིམ་གྱི་དམངས་གཙོ་མངོན་འགྱུར་བྱེད་སྟངས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་རྒྱ་ཆེར་གཏོང་བ། འཐུས་མིས་མང་ཚོགས་དང་འབྲེལ་བ་བྱེད་པ་དང་ཐབས་འདོན་ཇུས་འབུལ་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་ཕྱི་འབྲེལ་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཧུར་ཐག་ཞུ་བ་དང་། རང་ལྗོངས་ཀྱི་གཞོན་ནུའི་ཕྱི་ཕྱོགས་འགྲོ་འོང་ལས་དོན་རང་འགུལ་ངང་སྤེལ་བ། ཉེ་འཁོར་རྒྱལ་ཁབ་ཀྱི་གཞོན་ནུ་དང་ཕན་ཚུན་རྒྱུས་ལོན་བྱེད་ཤུགས་ཆེ་རུ་དང་མཛའ་གཅུགས་ཟབ་ཏུ་གཏོང་བ། གཞོན་ནུ་ཕུལ་བྱུང་གི་འཐུས་མི“ཕྱིར་སྐྱོད་རྒྱུར”སྐུལ་འདེད་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་བཅས་བྱས་ནས་བོད་ཀྱི་གཞོན་ནུའི་རང་རྟོན་རང་དར་དང་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་དངོས་འབྲེལ་མངོན་པ་དང་། སེམས་པ་གཅིག་འབྲེལ་དང་། བརྩེ་སེམས་གཅིག་མཐུན། ནུས་ཤུགས་གཅིག་སྒྲིལ་བཅས་མངོན་འགྱུར་དངོས་འབྲེལ་ཐུབ་པར་བྱེད་དགོས།
ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ་དང་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་ཤིང་། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲིའི་བསམ་པ་དང་དོགས་ཟོན་རང་བཞིན་ལ་བརྟེན་ནས་རང་འགུལ་ངང་བདེ་འཇགས་དང་བརྟན་ལྷིང་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ཏེ“གཅིག་འཕྱུགས་ན་ཐམས་ཅད་འཕྱུགས་པའི”དོགས་ཟོན་དང“འཕྱུགས་པ་གཏན་ནས་མེད་པའི”ཞིབ་ཚགས་ཐོག་ནས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ་དང་། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་རྒྱུར་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ། མཉམ་འགོག་མཉམ་བཅོས་མཐའ་འཁྱོངས་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བཅས་བྱས་ཏེ་སྤྱི་པའི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་གྱི་ནུས་པ་ཆེ་རུ་གཏོང་བ་དང་། ཏང་སྲིད་དམག་ཉེན་དམངས་ཀྱི་མཉམ་ཤུགས་ལ་བརྟེན་ནས་མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མཐའ་དར་དམངས་ཕྱུག་གི་ལྟེ་བའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ནུས་ལྡན་དང་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྣམ་པ་གསར་པའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་དོགས་ཟོན་བྱེད་པ་དང་། སྲོལ་རྒྱུན་གྱི་བདེ་འཇགས་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ལ་སྤྱི་འདོམས་ཁ་གཏད་གཅོག་པ། རྒྱལ་སྒྲོལ་གྱི་རང་བྱུང་གནོད་འཚེར་བཅོས་སྒྲིག་དང་འགོས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།