ཧུའུ་ཁྲང་ཧྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།
● ཐེག་པ་འཁུར་ལེན་མཁན་ལ་ཁུར་ལེན་པ་དང་། འགན་འཁྲི་འཁུར་མཁན་ལ་འགན་འཁུར་བ། ལས་ཀ་བྱེད་མཁན་ལ་རྒྱབ་སྐྱོར་བཅས་བྱས་ནས་དུས་རབས་གསར་པའི་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་རྒྱང་སྐྱོད་ལམ་བུར་ཡག་པོ་སྐྱོད་དགོས།
ཟླ་11ཚེས་13ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། མཆན་བཀོད་མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཐེག་པ་འཁུར་ལེན་མཁན་ལ་ཁུར་ལེན་པ་དང་། འགན་འཁྲི་འཁུར་མཁན་ལ་འགན་འཁུར་བ། ལས་ཀ་བྱེད་མཁན་ལ་རྒྱབ་སྐྱོར་བཅས་བྱས་ནས། དུས་རབས་གསར་པའི་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་རྒྱང་སྐྱོད་ལམ་བུར་ཡག་པོ་སྐྱོད་དགོས་པའི་ནན་བཤད་གནང་བ་རེད།
ཧུའུ་ཁྲང་ཧྲེང་གིས་གསུངས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་གནད་དོན་ལ་གཙོ་གནད་ཐོག་ཞིབ་འཇུག་བྱས་པ་དེ་ནི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་སྟངས་འཛིན་གཏིང་ཟབ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་ལ་དམིགས་ནས་བཏོན་པའི་འཐབ་ཇུས་རང་བཞིན་དང་། སྤྱི་ཡོངས་རང་བཞིན། རྩ་བའི་རང་བཞིན་བཅས་ཀྱི་ཐབས་ཇུས་གལ་ཆེན་ཞིག་ཡིན་པས། ཕྱོགས་སྟོན་སྣེ་ཁྲིད་ཀྱི་ཆབ་སྲིད་ཀྱི་དོན་སྙིང་དང་། སྔ་འཛིན་ཕྱི་གཏོད་ཀྱི་དུས་རབས་ཀྱི་དོན་སྙིང་། གཞི་སྒྱུར་རྩ་སྒྱུར་གྱི་དོན་དངོས་ཀྱི་དོན་སྙིང་། གཞུང་འཁྱོངས་གསར་འབྱེད་ཀྱི་རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་། ཇུས་ཟབ་ཕུགས་རིང་གི་འཐབ་ཇུས་ཀྱི་དོན་སྙིང་བཅས་གལ་ཆེན་ལྡན་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་བྱེད་ཤུགས་དང་། བསམ་བློའི་སྣེ་ཁྲིད་བྱེད་ཤུགས། མང་ཚོགས་སྒྲིག་འཛུགས་བྱེད་ཤུགས། སྤྱི་ཚོགས་འབོད་སྐུལ་བྱེད་ཤུགས་བཅས་ཆེ་རུ་རྒྱུན་ཆད་མེད་པར་བཏང་ནས། སྐྱོན་བསྲང་ཟིང་བཅོས་དང་བཟང་བསྟོད་ངན་སྨད་ཁྲོད་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་སྙིང་དབུས་ནས་གོང་བཀུར་ཞུ་རུ་འཇུག་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། སྲོལ་གསར་སྤྱོད་བཟང་དར་སྤེལ་གཏོང་བ། སྤྱི་ཚོགས་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ། ཆབ་སྲིད་ཀྱི་ལེགས་ཆ་དང་ལམ་ལུགས་ཀྱི་ལེགས་ཆ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལེགས་ཆར་རྒྱུན་ཆད་མེད་པར་འགྱུར་བར་བྱེད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ནས། མངོན་འབྲས་དང་སྦས་འབྲས་དང་། མིག་སྔ་དང་འབྱུང་འགྱུར། སྲུང་སྐྱོང་དང་འཕེལ་རྒྱས་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་བ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ལམ་བུར་བསྐྱོད་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དེ་མཐའ་མཚམས་བཅོས་སྐྱོང་གི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱེད་པ་དང་། ཏང་སྲིད་དམག་ཉེན་དམངས་བཅས་ཀྱི་མཉམ་ཤུགས་ལ་བརྟེན་ནས་མཐའ་མཚམས་སྟོབས་ཆེ་དང་སྲ་བརྟན་དུ་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མཐའ་མཚམས་ས་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། མཐའ་སྟོབས་མཐའ་བརྟན་མཐའ་སྲུང་དང་མཐའ་དར་དམངས་ཕྱུག་གི་རྣམ་པ་གཏོད་པ་དང་། རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་མཐའ་མཚམས་སྲ་བརྟན་དང་། མཐའ་མཚམས་བདེ་འཇགས། མཐའ་མཚམས་ཀྱི་མང་ཚོགས་བདེ་སྐྱིད་བཅས་ཡོང་བར་བྱེད་དགོས།
ཧུའུ་ཁྲང་ཧྲེང་གིས་ནན་བཤད་གནང་དོན། ཏང་གཤིས་ལ་བཞུན་བརྡར་དང་དཔུང་ཁག་སྟོབས་ཆེར་གཏོང་བ་མཐའ་འཁྱོངས་ཀྱིས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སློབ་གསོ་བཏང་ནས། ཏང་གི་འདུ་ཤེས་དང་། ཏང་ཡོན་གྱི་འདུ་ཤེས། གདོང་ལེན་རུ་ཁག་གི་འདུ་ཤེས་བཅས་ཟབ་ཏུ་རྒྱུན་ཆད་མེད་པར་གཏོང་བ་དང་། གཞི་རིམ་གྱི་འཐབ་ས་དང་པོ་དང་དཀའ་ཚེགས་ཆེ་བའི་ལས་གནས་སུ་ལས་བྱེད་པར་སྦྱོང་བརྡར་དང་། ལས་བྱེད་པ་དབྱེ་འབྱེད། ལས་བྱེད་པར་རྟོག་ཞིབ། ལས་བྱེད་པ་འདེམས་སྤྱོད་བཅས་ལ་སྣང་ཆེན་བྱེད་པ། དོ་དམ་ནན་པོ་དང་གཅེས་སྐྱོང་ཆེན་པོ་ཟུང་འབྲེལ་དང་ལྕག་སྐུལ་གཅུན་འདོམས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བཅས་བྱས་ཏེ། ཐེག་པ་འཁུར་ལེན་མཁན་ལ་ཁུར་ལེན་པ་དང་། འགན་འཁྲི་འཁུར་མཁན་ལ་འགན་འཁུར་བ། ལས་ཀ་བྱེད་མཁན་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། མཐུད་སྦྲེལ་ནུས་ཆེར་དམིགས་པ་དང་རྩ་འཛུགས་སྟོབས་ཆེར་བཏང་ནས། རྩ་འཛུགས་ཀྱི་རྩ་དོན་ནན་པོ་སྲུང་བ་དང་། རྩ་འཛུགས་ཀྱི་མཁར་རྫོང་བརྟན་དུ་གཏོང་བ། མཐུད་སྦྲེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། “གངས་ལྗོངས་ཀྱི་མཁར་རྫོང་འདུ་འགོད”ལག་ལེན་ཤུགས་ཆེན་བསྟར་བ། རྩ་འཛུགས་ཀྱི་སྒྲོམ་གཞིའི་གྲུབ་ཚུལ་རྒྱུན་མཐུད་ལེགས་འགོད་དང་འཁོར་སྐྱོད་འཁོར་འབྲེལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་ཐད་ཀར་གཞི་རིམ་དུ་ཁྱབ་པར་སྐུལ་འདེད་གཏོང་དགོས། སྒྲིག་ཁྲིམས་སྒྲིག་ལམ་ནན་དུ་དང་སྤྱོད་ཚུལ་ལེགས་སུ་བཏང་ནས། སྤྱོད་ངན་ལ་དམ་པོར་དམིགས་ཏེ“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པ་དང་། སྒྲིག་ཁྲིམས་སྒྲིག་ལམ་སྔོན་འཇོག་གིས“ནད་མེད་སྔོན་འགོག”བྱེད་པ། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ་བཅས་བྱས་ནས། ཏང་སྲོལ་བཟང་པོར་བརྟེན་ཏེ་སྲིད་སྲོལ་ལ་སྐུལ་ཁྲིད་དང་དམངས་སྲོལ་ལེགས་སུ་གཏོང་དགོས། ལེ་ལག་ཚང་བའི་བཅོས་སྐྱོང་དང་རྩ་འཛུགས་སྐྱོན་བྲལ་ཡོང་བར་ཤུགས་སྣོན་བརྒྱབ་ནས། རུལ་སུངས་བྱེད་མི་ཕོད་པའི་གུས་སྐྲག་ཤུགས་ཆེན་སྐྱེད་པ་དང་། རུལ་སུངས་བྱེད་མི་ཐུབ་པའི་ར་སྐྱོར་བརྟན་དུ་གཏོང་བ། རུལ་སུངས་བྱེད་མི་འདོད་པའི་རང་རྟོགས་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ནན་པོས་སྐྱོང་བ་དང་ནན་པོ་མཐར་ཕྱིན་བྱེད་པའི་བརྡ་རྟགས་དྲག་པོ་འདོན་པ་བཅས་བྱས་ཏེ། “རུལ་སུངས་མི་བྱེད་པ་གསུམ”ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། རྩ་ལག་མཉམ་བཅོས་དང་ལམ་ལུགས་སྟོབས་ཆེར་གཏོང་བ་མཐའ་འཁྱོངས་བྱས་ནས། ལམ་ལུགས་ཀྱིས་དབང་ཆ་བཅོས་སྒྲིག་དང་སྒྲིག་སྲོལ་ལྟར་དབང་ཆ་སྤྱོད་པ་མཐའ་འཁྱོངས་དང་། རང་འགུལ་ངང་སྤྱོད་གཙང་གཏོད་པར་སྐུལ་འདེད་གཏོང་བ། མ་ལག་ཆ་ཚང་བ་དང་། ཚན་རིག་དང་མཐུན་ལ་ཚད་ལྡན། དངོས་སྒྲུབ་གོ་ཆོད་བཅས་ཀྱི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ལམ་ལུགས་མ་ལག་འཛུགས་པ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། གཞི་གཅིག་ནན་པོས་སྐྱོང་བ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་སེམས་ནུས་གཅིག་སྒྲིལ་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཁོངས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།