《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།
(2006ལོའི་ཟླ་6ཚེས་1ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་པའི་ཐོག་ གྲོས་འཆམ་བྱུང་བ། 2025ལོའི་ཟླ་5ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ བཅུ་བདུན་པའི་ཐོག《<བོད་རང་སྐྱོང་ལྗོངས་ཀྱི་ཐོག་འགོག་གནོད་འཚེ་ཉུང་གཏོང་སྲོལ་ཡིག>སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་11ལ་བཟོ་བཅོས་དང<བོད་རང་སྐྱོང་ ལྗོངས་ཀྱི་ས་གཤིས་ཁོར་ཡུག་དོ་དམ་སྲོལ་ཡིག>མེད་པ་བཟོ་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་བཟོ་བཅོས་བརྒྱབ་ཡོད། 2026ལོའི་ཟླ་5ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་ དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་བཟོ་བཅོས་བརྒྱབ་ཡོད)
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
[2026]ཡིག་ཨང་5པ།
2026ལོའི་ཟླ་5ཚེས་27ཉིན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས་ལ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གསུམ་པའི་ཐོག་གྲོས་འཆམ་བྱུང་བ་དང་། ད་ལྟ་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞིང་། 2026ལོའི་ཟླ་9ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2026ལོའི་ཟླ་5ཚེས་27ཉིན།
དཀར་ཆག
ལེའུ་དང་པོ། སྤྱིའི་རྩ་དོན།
ལེའུ་གཉིས་པ། ནགས་ཚལ་སྲུང་སྐྱོབ།
ལེའུ་གསུམ་པ། ཤིང་འཛུགས་ནགས་བཟོ།
ལེའུ་བཞི་པ། གཉེར་སྐྱོང་དོ་དམ།
ལེའུ་ལྔ་པ། ལྟ་སྐུལ་ཞིབ་བཤེར།
ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
ལེའུ་བདུན་པ། ཞར་བྱུང་།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བཅངས་ཏེ། ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་། འདེབས་གསོ། བེད་སྤྱོད་ལུགས་མཐུན་བཅས་བྱེད་པ་དང་། རྒྱལ་ཁབ་ས་ཆ་གང་མགྱོགས་སྔོ་ལྗང་ཅན་དུ་འགྱུར་བར་བྱེད་པ། ནགས་ཚལ་གྱི་སྐྱེ་ཁམས་བདེ་འཇགས་འགན་སྲུང་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་འཛུགས་པ་བཅས་ཀྱི་ཐོག་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བྱ་ཐབས་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་སུ་ནགས་ཚལ་དང་ནགས་ཤིང་སྲུང་སྐྱོབ་དང་། འདེབས་གསོ། བེད་སྤྱོད་བཅས་བྱེད་པ་དང་ནགས་ཚལ་དང་། ནགས་ཤིང་། ནགས་ས་བཅས་ཚོང་གཉེར་དོ་དམ་བྱེད་སྐབས་བྱ་ཐབས་འདི་སྤྱད་ན་འཐུས།
དོན་ཚན་གསུམ་པ། ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་། འདེབས་གསོ། བེད་སྤྱོད་བཅས་བྱེད་སྐབས་ངེས་པར་དུ་རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་ལ་བསྟུན་གང་ཐུབ་བྱས་ཏེ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་། སྲུང་སྐྱོབ་སྔོན་ལ་འཇོག་པ། སྲུང་གསོ་ཟུང་འབྲེལ་བྱེད་པ། རྒྱུན་མཐུད་གོང་འཕེལ་གཏོང་བ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ནགས་ཚལ་སྐྱེ་ཁམས་མ་ལག་གི་བྱེད་ནུས་ཆེ་རུ་བཏང་སྟེ་སྐྱེ་ཁམས་ཐོན་རྫས་ཀྱི་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་དགོས།
དོན་ཚན་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ནགས་ལས་ལ་གཙོ་འགན་འཁུར་རྒྱུ།
རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་གོང་འཕེལ་བསྒྱུར་བཅོས་དང་། སྤྱི་བདེ། ནོར་སྲིད། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན། ཆུ་བེད། ཞིང་ལས་དང་གྲོང་གསེབ། འཕྲལ་སྡོམ་དོ་དམ། གྲོང་ཁྱེར་དོ་དམ་སོགས་སྡེ་ཚན་གྱིས་ངེས་པར་དུ་རང་སོ་སོའི་འགན་འཁྲི་སྒྲུབ་ཁོངས་སུ་གཏོགས་པའི་ནགས་ལས་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།
ཤང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་ལས་ཚན་གཏན་འཁེལ་ལམ་ཡང་ན་ཆེད་བསྐོས་པ་དང་ཞོར་འཛིན་པ་བཀོད་སྒྲིག་བྱས་ཆོག རྫོང་རིམ་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱི་མཛུབ་ཁྲིད་འོག སྲིད་འཛིན་ས་ཁོངས་དེ་གའི་ནགས་ལས་དོ་དམ་དང་ལག་རྩལ་ཞབས་ཞུ་སོགས་ཀྱི་ལས་དོན་སྒྲུབ་འགན་འཁུར་དགོས།
ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་གིས་ནགས་ལས་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་དགོས།
དོན་ཚན་ལྔ་པ། རང་སྐྱོང་ལྗོངས་ཀྱིས་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུའི་དམིགས་ཚད་འགན་འཁྲིའི་ལམ་ལུགས་དང་དཔྱད་ཞིབ་གདེང་འཇོག་ལམ་ལུགས་ལག་བསྟར་བྱེད་དགོས།
དོན་ཚན་དྲུག་པ། རང་སྐྱོང་ལྗོངས་ཀྱིས་ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། རང་སྐྱོང་ལྗོངས་དང་། ཆུད་བཙུགས་པའི་གྲོང་ཁྱེར(ས་གནས) རྫོང(ཆུད་དང་གྲོང་ཁྱེར) ཤང་གྲོང་རྡལ། ཡུལ་མི(གྲོང་མི)བཅས་རིམ་པ་ལྔ་ཡི་ནགས་དཔོན་ལམ་ལུགས་ཀྱི་རྩ་འཛུགས་མ་ལག་བསྐྲུན་ནས་རིམ་དབྱེ་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་དགོས།
རིམ་ཁག་ནགས་དཔོན་གྱིས་འགན་འཁྲིའི་ས་ཁོངས་ཀྱི་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་གོང་འཕེལ་གཏོང་བའི་ལས་དོན་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་འགན་འཁུར་དགོས། ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུའི་དམིགས་ཚད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པའི་ཁར། ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་གོང་འཕེལ་གཏོང་བའི་འཆར་གཞི་བཟོས་ཏེ་འགན་འཁྲིའི་ས་ཁོངས་ཀྱི་གཙོ་གནད་དང་དཀའ་གནད་ཆེ་བའི་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱེད་དགོས།
དོན་ཚན་བདུན་པ། རང་སྐྱོང་ལྗོངས་ཀྱིས་ནོར་སྲིད་དང་། དཔྱ་ཁྲལ། དངུལ་རྩ་སོགས་ཐད་ཀྱི་བྱ་ཐབས་སྤྱད་དེ་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ནགས་ཚལ་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་བྱ་རྒྱུའི་གཏོང་ཆར་འགན་སྲུང་བྱས་ནས་ནགས་ལས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།
དོན་ཚན་བརྒྱད་པ། རང་སྐྱོང་ལྗོངས་ཀྱིས་ནགས་ཚལ་སྐྱེ་ཁམས་ཀྱི་ཕན་འབྲས་སྐྱོང་གསབ་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས། སྤྱི་ཕན་ནགས་ཚལ་སྲུང་སྐྱོབ་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་གནད་སྐྱེ་ཁམས་ནུས་པ་ཐོན་ཁུལ་གྱི་སྒྱུར་སྤྲོད་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ། ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་དགོས།
རང་སྐྱོང་ལྗོངས་ཀྱིས་ནགས་ལས་སྐོར་ལ་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱེད་པར་སྐུལ་ལྕག་གཏོང་བ་དང་སྦྲགས་རྒྱབ་སྐྱོར་བྱས་ནས། མཐོ་གྲང་དང་ས་ཁད་མཐོ་བའི་ཁུལ་གྱི་སྔོན་ཐོན་ནགས་ལས་ལག་རྩལ་ཁྱབ་གདལ་བཏང་སྟེ་ཚན་རྩལ་འབྲས་བུ་དངོས་སྒྱུར་ལ་སྐུལ་འདེད་བཏང་ནས། ནགས་ཚལ་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་ཁྲོད་ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱེད་དགོས།
དོན་ཚན་དགུ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་སོགས་ཀྱི་དྲིལ་བསྒྲགས་སློབ་གསོ་དང་ཤེས་བྱ་ཁྱབ་གདལ་གཏོང་བའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས། སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་དར་སྤེལ་གཏོང་བ་དང་འབྱུང་འཕྲོད་གོང་འཕེལ་གྱི་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་དགོས།
ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ནགས་ལས་ཀྱི་ཚན་རིག་ཁྱབ་གདལ་རྟེན་གཞི་དང་། རང་བྱུང་སློབ་གསོའི་རྟེན་གཞི། རང་བྱུང་དངོས་མང་བཤམས་སྟོན་ཁང་སོགས་འཛུགས་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་བྱ་རྒྱུའི་ཐད་ཀྱི་ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱེད་དགོས།
སློབ་གསོ་སྲིད་འཛིན་སྡེ་ཚན་དང་སློབ་གྲྭ་སོགས་ཀྱིས་ངེས་པར་དུ་སློབ་མ་ཚོར་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་དགོས།
རྒྱང་བསྒྲགས་དང་། བརྙན་འཕྲིན། ཚགས་པར་དང་དུས་དེབ། མཉམ་སྦྲེལ་དྲ་རྒྱ་སོགས་གསར་འགྱུར་སྨྱན་སྦྱོར་དང་དེ་བཞིན་གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་དང་། ནགས་ལས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པ། དང་བླངས་པ་སོགས་ཀྱིས་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་སོགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུར་སྐུལ་མ་གཏོང་བ་དང་སྦྲགས་རྒྱབ་སྐྱོར་བྱས་ནས། དམངས་ཡོངས་ཀྱིས་རྩི་ཤིང་ལ་གཅེས་སྤྲས་དང་། རྩི་ཤིང་འདེབས་འཛུགས། རྩི་ཤིང་སྲུང་སྐྱོབ་བཅས་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས།
ལེའུ་གཉིས་པ། ནགས་ཚལ་སྲུང་སྐྱོབ།
དོན་ཚན་བཅུ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་ནགས་ལས་གོང་འཕེལ་གཏོང་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་ནང་བཅུག་ནས། རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་དང་སྲུང་སྐྱོབ་བྱ་རྒྱུའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་གྲུབ་གཞི་དང་བཀོད་པ་འཆར་འགོད་ལུགས་མཐུན་བྱེད་པ། ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་གོང་འཕེལ་གཏོང་བའི་དམིགས་ཚད་བཟོ་བ་བཅས་ཀྱི་ཐོག་ནས། ནགས་ཚལ་ཁེབས་ཚད་དང་ནགས་ཚལ་འཕེལ་ཚད་མཐོ་རུ་བཏང་སྟེ་ནགས་ཚལ་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་གནས་ཐུབ་ཚད་མཐོ་རུ་གཏོང་དགོས།
དོན་ཚན་བཅུ་གཅིག་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུའི་དམིགས་ཚད་དང་། རིམ་པ་དེ་གའི་རྒྱལ་ཁབ་ཀྱི་ས་ཆའི་བར་མཐོངས་འཆར་འགོད། གོང་རིམ་གྱི་ནགས་ལས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་བཅས་ལ་གཞིགས་ཏེ་རིམ་པ་དེ་གའི་ནགས་ལས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་བཟོ་སྒྲིག་གིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་ཕུལ་ནས་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱེད་དགོས།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ནགས་ལས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་གཞིར་བཟུང་། ས་གནས་དེ་གའི་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་བེད་སྤྱོད་དང་སྐྱེ་ཁམས་སླར་གསོ་བྱེད་པའི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་ནགས་ས་སྲུང་སྐྱོབ་བེད་སྤྱོད་དང་། ནགས་བཟོ་སྔོ་སྒྱུར། ནགས་ཚལ་གཉེར་སྐྱོང་། རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་སླར་གསོ། ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་འགོག་བཅོས། ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་སོགས་ཀྱི་འབྲེལ་ཡོད་ཆེད་དམིགས་འཆར་འགོད་བཟོ་སྒྲིག་བྱེད་དགོས།
ཆོག་མཆན་ཐོབ་པའི་ནགས་ལས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་དང་ཆེད་དམིགས་འཆར་འགོད་ཡིན་ཕྱིན། ཚན་པ་གང་ཞིག་དང་མི་སུ་ཞིག་ཡིན་རུང་རང་དགར་འགྱུར་བ་གཏོང་མི་ཆོག གལ་ཏེ་འགྱུར་བ་གཏོང་དགོས་ངེས་ཡིན་ཚེ། ངེས་པར་དུ་དེ་སྔའི་མཆན་སྤྲོད་ལས་ཁུངས་ཀྱི་ཆོག་མཆན་ཐོབ་དགོས།
དོན་ཚན་བཅུ་གཉིས་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནགས་ཚལ་ཐོན་ཁུངས་ཀྱི་ད་ཡོད་གནས་ཚུལ་དང་འགྱུར་ལྡོག་བྱུང་ཚུལ་ལ་བརྟག་དཔྱད་དང་། ལྟ་ཞིབ་ཚད་ལེན། གདེང་འཇོག་བཅས་བྱེད་པའི་ལས་དོན་སྒྲིག་འཛུགས་བྱེད་དགོས།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ནགས་ཚལ་ཐོན་ཁུངས་ཀྱི་ཡིག་ཚགས་དོ་དམ་ལམ་ལུགས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་སྤྱད་དེ་ནགས་ཚལ་ཐོན་ཁུངས་ཀྱི་ཡིག་ཚགས་གྲངས་མཛོད་བཟོ་བ། ནགས་ཚལ་ཐོན་ཁུངས་ཀྱི་ཡིག་ཚགས་ལོ་ལྟར་གསར་སྒྱུར་བྱེད་པའི་ལས་དོན་སྤེལ་བ་བཅས་བྱས་ཏེ། ཐོན་ཁུངས་འགྱུར་ལྡོག་བྱུང་ཚུལ་ཁོང་དུ་ཆུད་པ་བྱེད་དགོས།
དོན་ཚན་བཅུ་གསུམ་པ། རང་སྐྱོང་ལྗོངས་ཀྱིས་ས་གནས་དེ་གའི་ནགས་ཚལ་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། རང་བྱུང་ས་རྒྱུད་མི་འདྲ་བའི་ནགས་ཚལ་སྐྱེ་ཁམས་ཀྱི་དཔེ་མཚོན་ས་ཁུལ་དང་། རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་སྐྱེ་འཕེལ་ཡོང་སའི་ནགས་ཁུལ། ཚ་ཁུལ་གྱི་ཆར་ཆུ་མང་བའི་རང་བྱུང་ནགས་ཁུལ། དེ་བཞིན་དམིགས་བསལ་གྱི་སྲུང་སྐྱོབ་རིན་ཐང་ལྡན་པའི་རང་བྱུང་ནགས་ཁུལ་གཞན་དག་བཅས་སུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་བཙུགས་ནས་སྲུང་སྐྱོབ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།
གསའ་དང་། ཤྭ་བ་ཁ་དཀར། བྷང་གཱའི་སྟག གླ་སྐྱ། ནགས་གླ། སྲོ་ལོ་དམར་པོ། ཁུ་བྱུག་པ། བྱ་རྒོད་སུག་པ། ཤུག་སྡོང་ཆེན་པོ་སོགས་རྩ་ཆེ་ཞིང་སྟོངས་ལ་ཉེ་བའམ་ཡང་ན་དམིགས་བསལ་གྱི་སྲུང་སྐྱོབ་རིན་ཐང་ལྡན་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གཅིག་འདུས་ཁུལ་དང་གནས་སྡོད་བྱ་ཡུལ་གལ་ཆེན་དུ་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་ཁུལ་དང་གཅོད་བྲེག་བཀག་སྡོམ་ཁུལ་སོགས་སྐྱེ་ཁམས་བྱེད་ནུས་སྲུང་སྐྱོབ་ཁུལ་ཁྲིམས་བཞིན་དབྱེ་འབྱེད་གཏན་འཁེལ་བྱེད་དགོས།
དོན་ཚན་བཅུ་བཞི་པ། རང་སྐྱོང་ལྗོངས་ཀྱིས་རང་བྱུང་ནགས་ཚལ་ལ་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཏེ་རང་བྱུང་ནགས་ཚལ་གཅོད་འབྲེག་བྱེད་རིགས་ཚོད་འཛིན་ནན་པོ་བྱེད་པ་དང་། རང་བྱུང་ནགས་ཚལ་གྱི་བདག་སྐྱོང་བྱེད་ནུས་འཛུགས་སྐྱོང་ཤུགས་ཆེན་བྱེད་པ། ཚན་རིག་དང་མཐུན་པའི་སླར་གསོ་བྱེད་ཐབས་སྤྱོད་པ་བཅས་ཀྱི་ཐོག་ནས་རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་སླར་གསོ་བྱས་ཏེ་རང་བྱུང་ནགས་ཚལ་གྱི་སྐྱེ་ཁམས་ནུས་པ་རིམ་བཞིན་ཆེ་རུ་གཏོང་དགོས།
དོན་ཚན་བཅོ་ལྔ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དགོས་མཁོ་གཞིར་བཟུང་ནགས་སྲུང་སྒྲིག་བཀོད་འཛུགས་སྐྱོང་བྱེད་པ་དང་། སྐོར་སྲུང་སྒྲིག་ཆས་སྒྲིག་སྦྱོར་བྱེད་པ། ནགས་སྲུང་གི་འགན་འཁྲི་སྒྲུབ་ཁུལ་དབྱེ་འབྱེད་གཏན་འཁེལ་བྱེད་པ། ལྟ་སྐུལ་དོ་དམ་གྱི་ལམ་ལུགས་བཟོ་བ། ནགས་སྲུང་བའི་དཔུང་ཁག་འཛུགས་སྐྱོང་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་ནགས་ཚལ་ཐོན་ཁུངས་བདག་སྐྱོང་བྱེད་པའི་ཁྲོད་ནགས་སྲུང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
དོན་ཚན་བཅུ་དྲུག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ནགས་ཚལ་གྱི་མེ་སྐྱོན་འགོག་གསོད་ལས་དོན་སྒྲུབ་འགན་ཁུར་ནས། ནགས་ཚལ་གྱི་མེ་སྐྱོན་འགོག་གསོད་བྱེད་པའི་འགན་འཁྲིའི་མ་ལག་དང་ལས་ཀའི་ལམ་སྲོལ་བཟོ་བ་དང་ཚགས་ཚུད་དུ་བཏང་སྟེ་སྐྱེ་དངོས་ཀྱི་མེ་ཟོན་ནགས་རྒྱུད་སོགས་མེ་སྐྱོན་འགོག་གསོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་། ནགས་ཚལ་མེ་སྐྱོན་འགོག་གསོད་ཀྱི་ཆེད་ལས་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་ནགས་ཚལ་ཐོན་ཁུངས་ཁྱབ་ཚུལ་དང་ནགས་ཚལ་མེ་སྐྱོན་ཤོར་ཚུལ་གྱི་ཆོས་ཉིད་ལ་གཞིགས་ནས། ནགས་ཚལ་མེ་ཟོན་ཁུལ་དབྱེ་འབྱེད་གཏན་འཁེལ་གྱིས་ནགས་ཚལ་མེ་ཟོན་དུས་སྐབས་དང་ནགས་ཚལ་མེ་སྐྱོན་ཐོན་རྟག་པའི་དུས་སྐབས་གཏན་འཁེལ་བྱེད་དགོས་པ་མ་ཟད། སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་དགོས་མཁོ་དངོས་ལ་གཞིགས་ནས་ནགས་ཚལ་མེ་སྐྱོན་འགོག་གསོད་ཀྱི་བཀོད་འདོམས་ལས་ཚན་འཛུགས་པ་དང་། ནགས་ཚལ་མེ་སྐྱོན་འགོག་གསོད་ཀྱི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་མཐུན་སྦྱོར་ལམ་སྲོལ་བཟོས་ནས་འཕྲལ་རྐྱེན་མྱུར་སེལ་དོ་དམ་དང་། ནགས་ལས་རྩྭ་ཐང་། སྤྱི་བདེ། མེ་ཟོན། གནམ་གཤིས་སོགས་སྡེ་ཚན་སྒྲིག་འཛུགས་དང་དེར་སྣེ་ཁྲིད་ཀྱིས་ལས་འགན་ཁག་བགོས་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་ནགས་ཚལ་མེ་སྐྱོན་སྔོན་འགོག་དང་། མེ་གསོད་སྲོག་སྐྱོབ། ཐག་གཅོད་བཅས་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས། ནགས་ཚལ་མེ་ཟོན་བཀོད་འདོམས་ཚན་པས་སྲིད་འཛིན་ས་ཁོངས་དེ་གའི་ནགས་ཚལ་མེ་ཟོན་ལས་དོན་སྒྲིག་འཛུགས་དང་། མཐུན་སྦྱོར། མཛུབ་ཁྲིད། ལྟ་སྐུལ་བཅས་བྱེད་འགན་འཁུར་དགོས། རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་ནགས་ཚལ་མེ་གསོད་རོགས་སྐྱོབ་ལས་འགན་དང་མེ་སྐྱོན་སྔོན་འགོག་གི་འབྲེལ་ཡོད་ལས་དོན་ཁག་ཕྱོགས་བསྡུས་མེ་གསོད་རོགས་སྐྱོབ་དཔུང་ཁག་གིས་སྒྲུབ་འགན་འཁུར་དགོས།
གློག་ཤུགས་དོ་དམ་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་ལས་གཉེར་ཚན་པར་མཛུབ་ཁྲིད་བྱས་ཏེ། ནགས་ཚལ་མེ་སྐྱོན་ཐོན་རྟག་པའི་ས་མཚམས་དང་ཐོན་ཉེན་ཆེ་བའི་དུས་མཚམས་སུ་དེ་མཚུངས་ཀྱི་མེ་སྐྱོན་འགོག་གསོད་བྱེད་ཐབས་སྤྱད་དེ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་གཙང་སེལ་བྱེད་དགོས་པ་མ་ཟད། སྐོར་སྲུང་བྱེད་དུ་འཇུག་དགོས།
དོན་ཚན་བཅུ་བདུན་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་ལ་ལྟ་ཞིབ་ཚད་ལེན་དང་། དེ་བཞིན་ནད་ཡམས་བརྟག་དཔྱད་དང་འགོག་བཅོས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་མ་ཟད། བཙན་འཛུལ་སྐྱེ་དངོས་ལ་ཡོངས་བཤེར་དང་བཅོས་སྐྱོང་བྱེད་དུ་བཅུག་སྟེ་ནགས་ལས་གནོད་ལྡན་སྐྱེ་དངོས་ཀྱི་གནོད་འཚེའི་ཉེན་ཁ་སྔོན་འགོག་དང་གཙང་སེལ་བྱེད་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ནགས་ལས་རྩི་ཤིང་དང་དེའི་ཐོན་རྫས་ལ་རིམས་ནད་བརྟག་བཤེར་རང་བཞིན་གྱི་གནོད་ལྡན་སྐྱེ་དངོས་ཡོད་མེད་གཏན་འཁེལ་བྱེད་འགན་འཁུར་དགོས་ལ། ནད་ཡམས་ཁུལ་དང་སྲུང་སྐྱོབ་ཁུལ་དབྱེ་འབྱེད་གཏན་འཁེལ་བྱེད་དགོས།
རིམས་ནད་འབྱུང་སའི་ས་ཁུལ་ཡིན་ཕྱིན། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་མི་སྣ་མངགས་ནས་གཞུང་ལམ་ཐོག་མཉམ་འབྲེལ་ཞིབ་བཤེར་བྱེད་པའམ་ཡང་ན་ཤིང་ཆར་ཞིབ་བཤེར་བྱེད་པའི་ལས་དོན་ནང་ཞུགས་སུ་བཅུག་ན་འགྲིག དམིགས་བསལ་ཚབས་ཆེའི་རིམས་ནད་ཐོན་སྐབས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ནགས་ལས་རྩི་ཤིང་གི་རིམས་བཤེར་ས་ཚིགས་བཙུགས་ཏེ་རིམས་ནད་མི་མཆེད་པའི་སྔོན་འགོག་དང་ཚོད་འཛིན་བྱས་ན་འགྲིག
ཚན་པ་གང་ཞིག་དང་མི་སུ་ཞིག་ཡིན་རུང་ཆོག་མཆན་མ་ཐོབ་པར་རང་འཚམས་ཀྱིས་ཕྱི་ཡོང་དངོས་རིགས་ནང་འདྲེན་དང་། གློད་པའམ་ཡང་ན་བསྐྱུར་མི་ཆོག
དོན་ཚན་བཅོ་བརྒྱད་པ། རང་སྐྱོང་ལྗོངས་ཀྱིས་ནགས་ས་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་མ་ཟད། ནགས་སའི་སྤྱོད་སྒོའི་དོ་དམ་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ད་ཡོད་ནགས་ས་ཇེ་ཉུང་དུ་མི་འགྲོ་བའི་འགན་ལེན་བྱེད་དགོས།
རང་སྐྱོང་ལྗོངས་ཀྱིས་ནགས་ས་བཟུང་སྤྱོད་བྱེད་རྒྱ་ཚོད་འཛིན་བྱས་ནས། རིགས་ཁག་གི་འཛུགས་སྐྲུན་རྣམ་གྲངས་ཀྱིས་ནགས་ས་བཟུང་སྤྱོད་བྱེད་ཚད་དེ་སྲིད་འཛིན་ས་ཁོངས་དེ་གའི་ནགས་ས་བཟུང་སྤྱོད་བྱེད་རྒྱ་ཚོད་འཛིན་བྱེད་པའི་དམིགས་ཚད་ལས་བརྒལ་མི་ཆོག
དོན་ཚན་བཅུ་དགུ་པ། གཏེར་ཁའི་ཐོན་ཁུངས་རྩད་ཞིབ་དང་སྔོག་འདོན་བྱེད་པ་དང་། གཞུང་ལམ་དང་། ལྕགས་ལམ། ཆུ་བེད། གློག་ཤུགས། འཕྲིན་གཏོང་བཅས་བཟོ་སྐྲུན་བྱེད་པ། དེ་བཞིན་ལས་གྲྭ་གཞན་དག་འཛུགས་སྐྲུན་བྱེད་པ་བཅས་ཀྱི་སྐབས་སུ། ནགས་ས་བཟུང་སྤྱོད་མི་བྱེད་པའམ་ཡང་ན་ཉུང་ཙམ་ལས་བཟུང་མི་ཆོག ནགས་ས་བཟུང་སྤྱོད་བྱེད་དགོས་ངེས་ཡིན་ཚེ། འབྲེལ་ཡོད་གཏན་འབེབས་ལྟར་རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱི་ཞིབ་མཆན་ཐོབ་རྗེས་འཛུགས་སྐྲུན་ས་ཆའི་མཆན་འགོད་འགྲོ་ལུགས་ཁྲིམས་བཞིན་གཉེར་དགོས།
ནགས་ས་བཟུང་སྤྱོད་བྱེད་མཁན་ཚན་པས་ངེས་པར་དུ་གཏན་འབེབས་ལྟར་ནགས་ཚལ་སྔོ་ཁེབས་སླར་གསོ་བྱེད་པའི་འགྲོ་གྲོན་འཇལ་དགོས།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་གཏན་འབེབས་གཞིར་བཟུང་ཤིང་འཛུགས་ནགས་བཟོ་བྱེད་དུ་འཇུག་དགོས་པ་མ་ཟད། ནགས་ཚལ་སྔོ་ཁེབས་སླར་གསོ་བྱེད་དགོས། ཤིང་འཛུགས་ནགས་བཟོའི་རྒྱ་ཁྱོན་དེ་ནགས་ས་བཟུང་སྤྱོད་བྱས་པའི་རྐྱེན་གྱིས་ཉུང་དུ་སོང་བའི་ནགས་ཚལ་སྔོ་ཁེབས་ཀྱི་རྒྱ་ཁྱོན་ལས་ཉུང་བ་ཡོད་མི་རུང་། གོང་རིམ་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་འོག་རིམ་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་ལ་དུས་བཀག་ལྟར་ཤིང་འཛུགས་ནགས་བཟོ་དང་ནགས་ཚལ་སྔོ་ཁེབས་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་མ་ཟད། ཞིབ་བཤེར་བྱེད་དུ་འཇུག་དགོས།
དོན་ཚན་ཉི་ཤུ་པ། ནགས་ས་གནས་སྐབས་བཟུང་སྤྱོད་བྱེད་དགོས་ན་རྫོང་རིམ་ཡན་མི་དམངས་སྲིད་གཞུང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱི་ཆོག་མཆན་ཐོབ་པ་བྱེད་དགོས།
ནགས་ས་གནས་སྐབས་བཟུང་སྤྱོད་བྱེད་ཡུན་དེ་སྤྱིའི་ཆ་ནས་ལོ་གཉིས་ལས་བརྒལ་མི་ཆོག་པ་མ་ཟད། གནས་སྐབས་བཟུང་སྤྱོད་བྱས་པའི་ནགས་སའི་ཐོག་གཏན་འཇགས་རང་བཞིན་གྱི་སྐྲུན་དངོས་རྒྱག་མི་ཆོག
ནགས་ས་གནས་སྐབས་བཟུང་སྤྱོད་བྱེད་ཡུན་ཐིམ་རྗེས་ཀྱི་ལོ་གཅིག་ནང་ཚུན་དུ་ས་ཆ་སྤྱོད་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་སྔོ་ཁེབས་དང་ནགས་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་སླར་གསོ་བྱེད་དགོས།
དོན་ཚན་ཉེར་གཅིག་པ། ནགས་སའི་ཐོག་ནགས་ལས་ཐོན་སྐྱེད་གཉེར་སྐྱོང་ལ་ཐད་ཀར་ཞབས་ཞུ་སྒྲུབ་བྱེད་ཀྱི་ལས་གྲྭའི་སྒྲིག་བཀོད་བཟོ་སྐྲུན་བྱས་པ་གང་ཞིག་རྒྱལ་ཁབ་འབྲེལ་ཡོད་སྡེ་ཚན་གྱིས་གཏན་ལ་ཕབ་པའི་ཚད་གཞི་དང་མཐུན་ཕྱིན། གནས་སྐབས་སྤྱོད་རྒྱུའི་ནགས་སར་ཞིབ་མཆན་འགོད་པའི་དབང་ཚད་གཞིར་བཟུང་། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱི་ཆོག་མཆན་ཐོབ་ན་འགྲིག་པ་དང་འཛུགས་སྐྲུན་ས་ཆའི་མཆན་འགོད་འགྲོ་ལུགས་གཉེར་མི་དགོས། ཚད་གཞི་ལས་བརྒལ་བའི་ནགས་ས་བཟུང་སྤྱོད་བྱེད་དགོས་ཚེ། འཛུགས་སྐྲུན་ས་ཆར་ཞིབ་མཆན་འགོད་པའི་འགྲོ་ལུགས་ཁྲིམས་ལྟར་ངེས་པར་དུ་གཉེར་དགོས། ས་ཆ་བཟུང་སྤྱོད་བྱེད་མཁན་ཚན་པ་དང་མཆན་སྤྲོད་ཚན་པ་གཅིག་ཡིན་ཕྱིན། རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱི་ཆོག་མཆན་ཐོབ་དགོས།
དོན་ཚན་ཉེར་གཉིས་པ། རང་སྐྱོང་ལྗོངས་ཀྱིས་མཐའ་མཚམས་ས་ཁུལ་གྱི་ནགས་སའི་བཅད་གྲངས་ལ་དོ་དམ་བྱ་རྒྱུ་དང་ནགས་ས་སྤྱོད་པར་ཞིབ་མཆན་འགོད་པའི་ལས་རིམ་ཁྲིམས་བཞིན་ལེགས་སུ་བཏང་སྟེ། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་དང་། སྤྱི་པའི་བྱ་གཞག་དང་དམངས་འཚོའི་རྣམ་གྲངས་ཐད་ནགས་ས་སྤྱོད་པའི་དགོས་མཁོ་འགན་སྲུང་བྱེད་དགོས།
དོན་ཚན་ཉེར་གསུམ་པ། ནགས་ཤིང་དང་ནགས་སར་གཏོར་སྐྱོན་གཏོང་བའི་བྱེད་སྤྱོད་བཀག་སྡོམ་བྱ་རྒྱུ་གཤམ་གསལ།
(གཅིག) ནགས་གཏོར་གསར་སྦོལ་བྱེད་པ་དང་། བྱེ་རྡོ་ས་གསུམ་སྔོག་འདོན་བྱེད་པའི་རིགས།
(གཉིས) ནགས་སར་ལྕི་ལྕགས་སམ་ཡང་ན་ཚད་ལས་བརྒལ་བའི་དུག་ལྡན་གནོད་ཡོད་དངོས་རྫས་གཞན་དག་ཡོད་པའི་བཙོག་ཆུ་དང་འདམ་རྫབ་འབུད་བཤངས་བྱེད་པ་དང་། དེ་བཞིན་ནགས་སར་བཙོག་སྐྱོན་བཟོ་སྲིད་པའི་འདམ་སྙིགས་དང་། གཏེར་གཞུག གཏེར་སྙིགས་སོགས་འབུད་པའི་རིགས།
(གསུམ) སྡོང་ཕྲུག་ནགས་སར་ཤིང་གཅོད་པ་དང་། མྱུ་གུར་གཏོར་སྐྱོན་གཏོང་བ། ཕྱུགས་འཚོ་བ་བཅས་བྱེད་པའི་རིགས།
(བཞི) བཀོལ་སྤྱོད་ལག་རྩལ་གྱི་སྒྲིག་སྲོལ་ལས་འགལ་ཏེ་ཚི་འདོན་པ་དང་། སྨྱུག་རྩ་སྔོག་པ། རྩ་འགོག་གཏོང་བ། ཤིང་ཤུན་བཤུ་བ། ཡལ་གཅོད་རྒྱག་དྲགས་པ་སོགས་ཀྱི་རིགས།
(ལྔ) ནགས་ཤིང་དང་ནགས་སར་གཏོར་སྐྱོན་གཏོང་བའི་བྱེད་སྤྱོད་གཞན་དག་བཅས་ཡིན།
ནགས་ཚལ་སྲུང་སྐྱོབ་ཀྱི་མཚོན་རྟགས་དང་སྲུང་སྐྱོབ་ཀྱི་སྒྲིག་བཀོད་རང་དགར་སྤོ་སྒྱུར་རམ་གཏོར་སྐྱོན་གཏོང་མི་ཆོག
དོན་ཚན་ཉེར་བཞི་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གནའ་ཤིང་གྲགས་ཅན་དང་ལྗོན་ཤིང་རྩ་ཆེན་ལ་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། གནའ་ཤིང་གྲགས་ཅན་དང་ལྗོན་ཤིང་རྩ་ཆེན། དེ་བཞིན་དེ་སྐྱེ་སའི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་གཏན་ནས་གཏོང་མི་ཆོག
རྫོང་རིམ་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། གནའ་ཤིང་གྲགས་ཅན་སྲུང་སྐྱོབ་བྱེད་པའི་ས་ཁོངས་དབྱེ་འབྱེད་གཏན་འཁེལ་བྱེད་པ་དང་སྦྲགས། ཁྲིམས་བཞིན་ཡོངས་བསྒྲགས་བྱེད་དགོས།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་ནགས་ལས་རྩྭ་ཐང་དང་གྲོང་ཁྱེར་སྔོ་སྒྱུར་གཙོ་འགན་སྡེ་ཚན་གྱིས་ལས་འགན་ཁག་བགོས་ལྟར་སྲིད་འཛིན་ས་ཁོངས་དེ་གའི་གནའ་ཤིང་གྲགས་ཅན་ལ་སྲུང་སྐྱོབ་དང་དོ་དམ་བྱེད་འགན་ཁུར་ཐོག གནའ་ཤིང་གྲགས་ཅན་གྱི་ཐོན་ཁུངས་ལ་བརྟག་དཔྱད་བྱེད་པ་དང་། གནའ་ཤིང་གྲགས་ཅན་གྱི་ཡིག་ཚགས་བཟོ་བ། སྲུང་སྐྱོབ་ཀྱི་འགན་འཁྲི་ཁ་གསལ་བཟོ་བ། སྲུང་སྐྱོབ་ཀྱི་མཚོན་རྟགས་འཛུགས་པ། སྲུང་སྐྱོབ་ཀྱི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། སྐྱོབ་བཅོས་དང་ཉམས་གསོའི་བྱ་ཐབས་སྤྱོད་པ་སོགས་ཀྱི་ཐོག་ནས་གནའ་ཤིང་གྲགས་ཅན་དང་དེ་སྐྱེ་སའི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
ལེའུ་གསུམ་པ། ཤིང་འཛུགས་ནགས་བཟོ།
དོན་ཚན་ཉེར་ལྔ་པ། རང་སྐྱོང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ནགས་བཟོ་སྔོ་སྒྱུར་ལ་གཅིག་གྱུར་འཆར་འགོད་བྱས་ནས་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་སྒྱུར་གྱི་ལས་འགུལ་སྤེལ་བ་དང་། ནགས་ཚལ་གྲོང་ཁྱེར་དང་། ནགས་ཚལ་གྲོང་རྡལ་ཆུང་གྲས། ནགས་ཚལ་གྲོང་གསེབ་བཅས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་ནས། གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་ཀྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས།
དོན་ཚན་ཉེར་དྲུག་པ། ཤིང་འཛུགས་ནགས་བཟོ་དང་ནགས་ཚལ་སྲུང་སྐྱོབ་བྱ་རྒྱུ་ནི་སྤྱི་དམངས་ཚང་མས་སྒྲུབ་དགོས་ངེས་ཀྱི་འོས་འགན་ཡིན། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་བྱེད་རྣམ་གསར་གཏོད་བྱས་ནས་ལས་རིགས་ཁག་དང་གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མི་སྒྲིག་འཛུགས་བྱས་ཏེ་ཚན་རིག་དང་མཐུན་པའི་ངང་ནགས་བཟོ་སྔོ་སྒྱུར་བྱེད་དུ་འཇུག་དགོས།
སྤྱི་དམངས་ཀྱིས་ཤིང་འཛུགས་ནགས་བཟོ་དང་། འདེབས་གསོ་བདག་སྐྱོང་། རང་འཛུགས་དང་རང་སྐྱོང་རང་འབུལ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ནགས་བཟོ་སྔོ་སྒྱུར་དང་སྐྱེ་ཁམས་སླར་གསོ་བྱེད་པའི་ནང་ཞུགས་རྒྱུར་སྐུལ་མ་གཏོང་དགོས། ནགས་བཟོ་སྔོ་སྒྱུར་དང་སྐྱེ་ཁམས་སླར་གསོ་བྱེད་པའི་ཁྲོད་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་རྒྱུར་སྐུལ་མ་གཏོང་དགོས།
དོན་ཚན་ཉེར་བདུན་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ནགས་བཟོ་སྔོ་སྒྱུར་གྱི་ལས་དོན་སྒྲིག་འཛུགས་བྱེད་སྐབས། ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་པ་དང་། ཡུལ་བབ་ལ་བསྟུན་དགོས་པ། སྔོ་སྒྱུར་འཚམ་འཕྲོད་རང་བཞིན་ལ་དཔྱད་དཔོག་བྱེད་ཤུགས་ཆེ་རུ་གཏོང་བ། ཆུའི་ཐོན་ཁུངས་ཀྱི་ཐེག་ནུས་ལ་བསམ་གཞིག་གང་ལེགས་བྱེད་པ། སྔོ་ཁེབས་བགོ་སྒྲིག་ལུགས་མཐུན་བྱེད་པ་བཅས་ཀྱི་ཐོག་ནས་ནགས་བཟོ་སྔོ་སྒྱུར་གྱི་སྤུས་ཚད་ལེགས་སུ་གཏོང་དགོས།
དོན་ཚན་ཉེར་བརྒྱད་པ། ནགས་བཟོ་སྔོ་སྒྱུར་བྱེད་སྐབས་ངེས་པར་དུ་ཚན་རིག་དང་མཐུན་པའི་སྒོ་ནས་སྔོ་སྒྱུར་ཤིང་རིགས་བདམས་ཏེ་ནགས་རིགས་དང་ཤིང་རིགས་ཀྱི་གྲུབ་ཆ་ལེགས་སུ་གཏོང་དགོས་པ་དང་། སྔོན་ལ་རང་ཡུལ་གྱི་ཤིང་རིགས་དང་ནགས་ཤིང་གི་སོན་བཟང་འདེབས་འཛུགས་བྱེད་པ་མ་ཟད། ཤིང་རིགས་སྣ་ཚོགས་འདེབས་འཛུགས་བྱས་ཏེ་མཉམ་འདྲེས་ནགས་ཚལ་བསྐྲུན་རྒྱུ་དར་སྤེལ་གཏོང་དགོས།
རྒྱལ་ཁབ་ཀྱི་མ་འཇོག་གམ་ཡང་ན་རྒྱལ་ཁབ་ཀྱི་མ་འཇོག་གཙོ་བོར་བྱས་པའི་ནགས་བཟོ་སྔོ་སྒྱུར་གྱི་རྣམ་གྲངས་ཡིན་ཕྱིན། རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་ནགས་ཤིང་གི་སོན་བཟང་སྤྱོད་དགོས།
དོན་ཚན་ཉེར་དགུ་པ། ནགས་བཟོ་སྔོ་སྒྱུར་བྱེད་སྐབས་ངེས་པར་དུ་ནགས་བཟོའི་ལག་རྩལ་དང་སྒྲིག་སྲོལ་ལ་བརྩི་སྲུང་ཞུས་ཏེ། ཚན་རིག་དང་མཐུན་པའི་ངང་ནགས་ཚལ་འདེབས་འཛུགས་བྱེད་པ་དང་། གསར་འཛུགས་སྡོང་ཕྲུག་ནགས་སར་རི་རྒྱ་བསྡམས་ནས་ནགས་གསོ་བྱེད་པ། འདེབས་གསོ་བདག་སྐྱོང་དང་གསབ་འདེབས་གསབ་འཛུགས་བྱེད་ཤུགས་ཆེ་རུ་གཏོང་བ། སྔོ་སྒྱུར་གྱི་རྗེས་མཐུད་འདེབས་གསོ་དང་བདག་སྐྱོང་བྱེད་པའི་ལམ་ལུགས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ནགས་ཚལ་དུ་འགྱུར་ཚད་མཐོ་རུ་གཏོང་དགོས།
དོན་ཚན་སུམ་ཅུ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ནགས་བཟོ་སྔོ་སྒྱུར་གྱི་དགོས་མཁོར་གཞིགས་ནས་ས་གནས་དེ་གར་གཞི་ཚུགས་པ་དང་། ས་བབ་དང་བསྟུན་ནས་ཤིང་རིགས་འདེབས་འཛུགས་བྱེད་པ། སྤུས་ཚད་འགན་ལེན་བྱེད་པ་བཅས་ཀྱི་རྩ་དོན་གཞིར་བཟུང་ནགས་ཤིང་མྱུག་སོན་གྱི་ཐོན་སྐྱེད་རྟེན་གཞི་འཛུགས་དགོས།
ནགས་ལས་ཐོན་སྐྱེད་ཚན་པ་དང་མི་སྒེར་གྱིས་སྤུས་ལེགས་མྱུར་སྐྱེས་ཤིང་རིགས་དང་རང་ཡུལ་གྱི་ཤིང་རིགས་འདེམས་སྤྱོད་བྱེད་པ་དང་། རྩ་ཆེའི་ཤིང་རིགས་མང་དུ་གཏོང་བ། ནགས་ཤིང་སོན་བཟང་འདེབས་གསོའི་རྟེན་གཞི་འཛུགས་པ། སོན་བཟང་མྱུག་གསོ་བྱེད་པ་བཅས་ལ་སྐུལ་མ་བཏང་ནས་ནགས་ཤིང་སོན་བཟང་རིམ་བཞིན་ཇེ་ལེགས་སུ་གཏོང་དགོས།
དོན་ཚན་སོ་གཅིག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རང་བྱུང་སླར་གསོ་གཙོ་བོར་བཟུང་བ་དང་། རང་བྱུང་སླར་གསོ་དང་མི་ཐབས་ཉམས་གསོ་གཉིས་ཟུང་འབྲེལ་བྱེད་པའི་ཐབས་ལམ་སྤྱད་དེ་ས་ཆུ་ཤོར་བ་དང་བྱེ་རླུང་གི་གནོད་འཚེ་སོགས་སྐྱེ་ཁམས་མ་ལག་ཉམས་ཞན་ཁུལ་དང་། རི་སྐྱེས་སྲོག་ཆགས་འཚོ་གནས་བྱེད་ས། རི་སྐྱེས་རྩི་ཤིང་སྐྱེ་ས། དེ་བཞིན་སྐྱེ་ཁམས་ས་བབ་གལ་ཆེན་ཁུལ་གཞན་དག་བཅས་སུ་ཡུལ་བབ་དང་བསྟུན་ནས་མི་ཐབས་ནགས་བཟོ་དང་། རི་རྒྱ་བསྡམས་ནས་ནགས་གསོ། མི་ཐབས་ལ་བརྟེན་ནས་རང་བཞིན་སྐྱེ་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། འཆར་གཞི་ཡོད་པའི་སྒོ་ནས་སྐྱེ་ཁམས་སླར་གསོ་བྱེད་དགོས།
ལེའུ་བཞི་པ། གཉེར་སྐྱོང་དོ་དམ།
དོན་ཚན་སོ་གཉིས་པ། བཅའ་ཁྲིམས་ཀྱི་གཏན་འབེབས་ནང་འཁོད་པའི་མཉམ་སྡེབ་ལ་དབང་བའི་ནགས་ཚལ་ཐོན་ཁུངས་ཕུད། དེ་མིན་གྱི་ནགས་ཚལ་ཐོན་ཁུངས་ཚང་མ་རྒྱལ་ཁབ་ལ་དབང་ཡོད།
ནགས་ས་དང་། ནགས་སའི་ཐོག་གི་ནགས་ཚལ། ནགས་ཤིང་བཅས་ཀྱི་བདག་དབང་དང་སྤྱོད་དབང་དེ་གཏན་འཇགས་རྒྱུ་ནོར་ཐོ་འགོད་ལས་ཁུངས་ཀྱིས་གཅིག་གྱུར་ཐོ་གཞུང་བཟོས་ཏེ་ལག་ཁྱེར་དཔྱད་སྤྲོད་བྱེད་དགོས།
དོན་ཚན་སོ་གསུམ་པ། གཞུང་ཁོངས་ནགས་ས་དང་། ནགས་སའི་ནགས་ཚལ། ནགས་ཤིང་བཅས་ཁྲིམས་བཞིན་ནགས་ལས་གཉེར་མཁན་ལ་བེད་སྤྱོད་བྱ་རྒྱུར་གཏན་འཁེལ་བྱས་ཆོག ནགས་ལས་གཉེར་མཁན་གྱིས་ཁྲིམས་ལྟར་ཐོབ་པའི་གཞུང་ཁོངས་ནགས་ས་དང་། ནགས་སའི་ཐོག་གི་ནགས་ཚལ། ནགས་ཤིང་བཅས་ཀྱི་སྤྱོད་དབང་དེ་ཆོག་མཆན་ཐོབ་རྗེས་ནང་བཤུག་དང་། བོགས་གཏོང་། རིན་ཕབ་མ་འཇོག་སོགས་བྱས་ན་འགྲིག
ཞིང་པ་མཉམ་སྡེབ་ཀྱིས་ཁྲིམས་བཞིན་སྤྱོད་རྒྱུའི་མཉམ་སྡེབ་ལ་དབང་བ་དང་གཞུང་ཁོངས་ལ་དབང་བའི་ནགས་ས་ཡིན་ཕྱིན། འགན་གཙང་གཉེར་སྐྱོང་བྱས་ཆོག འགན་གཙང་ལེན་མཁན་ལ་ནགས་ས་འགན་གཙང་གཉེར་སྐྱོང་བྱེད་དབང་དང་འགན་གཙང་བླངས་པའི་ནགས་སའི་ནགས་ཤིང་གི་བདག་དབང་ལོངས་སུ་སྤྱོད་རྒྱུ་ཡོད། གན་རྒྱའི་ནང་ཁ་ཆད་གཞན་ཡོད་ཚེ་ཁ་ཆད་དེ་བཞིན་བསྒྲུབ་རྒྱུ། འགན་གཙང་ལེན་མཁན་གྱིས་ཁྲིམས་བཞིན་བོགས་མར་གཏོང་བ(བོགས་སྒྱུར)དང་། མ་རྐང་འཇོག་པ། ནང་བཤུག་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ནགས་ས་གཉེར་སྐྱོང་བྱེད་དབང་དང་། དེ་བཞིན་ནགས་ཤིང་གི་བདག་དབང་དང་སྤྱོད་དབང་བརྒྱུད་བཤུག་བྱས་ཆོག
དོན་ཚན་སོ་བཞི་པ། གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པ་དང་། ལས་ཁུངས། ཚོགས་པ། དམག་དཔུང་བཅས་ཀྱིས་འདེབས་འཛུགས་བྱས་པའི་ནགས་ཤིང་ཡིན་ཕྱིན། འདེབས་འཛུགས་བྱེད་མཁན་སྡེ་ཚན་གྱིས་བདག་སྐྱོང་བྱེད་དགོས་པ་མ་ཟད་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ནགས་ཤིང་གི་ཁེ་འབབ་སྤྱོད་དགོས།
གཞུང་ཁོངས་ནགས་ར་ཡིན་ཕྱིན་ངེས་པར་དུ་སྐྱེ་ཁམས་ཀྱི་གནས་བབ་དང་། ཐོན་ཁུངས་ཀྱི་ལེགས་ཆ། སྐྱེ་ཁམས་འཛུགས་སྐྱོང་གི་དགོས་མཁོ་སོགས་ལ་གཞིགས་ནས། ཚན་རིག་དང་མཐུན་པའི་ངང་གོང་འཕེལ་གྱི་དམིཌ་ཚད་དང་ལས་འགན་གཏན་འཁེལ་བྱེད་དགོས་ལ། ཡུལ་བབ་དང་བསྟུན་ཞིང་རིགས་དབྱེ་ཇུས་འདོན་བྱས་ནས། གཉེར་སྐྱོང་དོ་དམ་གྱི་སྒྲིག་སྲོལ་ལམ་སྲོལ་ཧུར་ཐག་བཏོད་ནས་གོང་འཕེལ་གྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས།
དོན་ཚན་སོ་ལྔ་པ། སྤྱི་ཕན་ནགས་ཚལ་དང་ཚོང་ཟོག་ནགས་ཚལ་དག་རིགས་དབྱེ་གཉེར་སྐྱོང་དང་དོ་དམ་བྱེད་སྐབས། གཙོ་ཁྲིད་ཀྱི་ནུས་པ་མངོན་ཆེར་བཟུང་བ་དང་བྱེད་ནུས་སྣ་ཚོགས་འདོན་སྤེལ་བྱས་ནས། གཏན་འཇགས་དང་། སྐྱོན་བྲལ། སྤུས་ལེགས། ཕྱོད་ཆེ་བཅས་ཀྱི་ནགས་ཚལ་སྐྱེ་ཁམས་ཀྱི་མ་ལག་ཅིག་འདེབས་གསོ་བྱེད་དགོས།
སྤྱི་ཕན་ནགས་ཚལ་གཉེར་སྐྱོང་དང་དོ་དམ་བྱེད་སྐབས་ནགས་ཚལ་གྱི་སྤུས་ཚད་དང་སྐྱེ་ཁམས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་དགོས། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཆར་གཞི་ལྡན་པའི་ངང་སྤྱི་ཕན་ནགས་ཚལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། སྲུང་སྐྱོབ་ནན་པོ་བྱས་ཏེ་ནགས་ལས་གཉེར་སྐྱོང་པ་དང་ནགས་དབང་ཡོད་མཁན་གཞན་དག་གིས་སྤྱི་ཕན་ནགས་ཚལ་བདག་སྐྱོང་དང་གཉེར་སྐྱོང་བྱ་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས།
བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་ལོགས་སུ་གཏན་འབེབས་བྱས་པ་ཕུད། སྤྱི་ཕན་ནགས་ཚལ་དེ་གསོ་སྐྱོང་དང་། གསར་སྒྱུར། སྤུས་ཕན་ཞན་པའི་ནགས་ཚལ་བསྒྱུར་བཀོད་བཅས་རང་བཞིན་གྱི་གཅོད་འབྲེག་མ་གཏོགས་བྱེད་མི་ཆོག སྤྱི་ཕན་ནགས་ཚལ་གྱི་སྐྱེ་ཁམས་གནས་བབ་སྲུང་སྐྱོབ་བྱེད་པའི་བླང་བྱ་དང་མཐུན་པ་མ་ཟད་སྤྱི་ཕན་ནགས་ཚལ་གྱི་སྐྱེ་ཁམས་ནུས་པར་ཤུགས་རྐྱེན་མི་ཐེབས་པའི་ཆ་རྐྱེན་འོག ཚན་རིག་དང་མཐུན་པའི་སྒོ་ནས་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད། སྤྱི་ཕན་ནགས་ཚལ་གྱི་ནགས་ཁྲོད་ཐོན་ཁུངས་དང་། ནགས་ཁྲོད་བར་མཐོངས། ནགས་ཚལ་མཐའ་རྒྱུད་ཀྱི་ནགས་ས་སོགས་ཁྲིམས་བཞིན་སྤྱད་དེ་ནགས་ཁྲོད་དཔལ་འབྱོར་དང་། སྐྱེ་ཁམས་ཡུལ་སྐོར། ནགས་ཚལ་ལུས་གསོ། རང་བྱུང་སློབ་གསོ་སོགས་ཀྱི་བྱེད་སྒོ་འོས་འཚམ་སྤེལ་ན་འགྲིག
ཚོང་སྒྱུར་ནགས་ཚལ་དག་ནགས་ལས་གཉེར་སྐྱོང་པས་བཅའ་ཁྲིམས་ལྟར་རང་བརྟེན་གཉེར་སྐྱོང་བྱེད་དགོས། སྐྱེ་ཁམས་ལ་གཏོར་སྐྱོན་མི་ཕོག་པའི་སྔོན་འགྲོའི་ཆ་རྐྱེན་འོག ནུས་ཕྱོད་ཆེ་བའི་ནགས་ཚལ་གཉེར་སྐྱོང་བྱེད་སྟངས་ཁྱབ་གདལ་བཏང་ཆོག་པ་དང་། ནགས་དབྱེ་གསར་བརྗེ་བསྒྱུར་བཀོད་དང་། ནགས་ཚལ་གསོ་སྐྱོང་། ཤིང་སོན་གྲུབ་ཆ་ལེགས་འགྱུར་སོགས་ཀྱི་བྱེད་ཐབས་སྤྱད་དེ་ནགས་ཚལ་དང་། ནགས་ཤིང་། ནགས་ས་བཅས་བེད་སྤྱོད་ལུགས་མཐུན་བྱས་ཐོག སྨྱུག་ཤིང་བེད་སྤྱོད་དང་། སྣུམ་རྒྱུའི་ཤིང་རིགས། ནགས་ཁྲོད་དཔལ་འབྱོར། མེ་ཏོག་ཤིང་སོན། སྐྱེ་ཁམས་ཡུལ་སྐོར། ནགས་ཚལ་ལུས་གསོ་སོགས་ཀྱི་ཐོན་ལས་གོང་འཕེལ་བཏང་སྟེ། ཚོང་ཟོག་ནགས་ཚལ་གྱི་དཔལ་འབྱོར་ཕན་འབྲས་ཆེ་རུ་གཏོང་དགོས།
རང་སྐྱོང་ལྗོངས་ཀྱིས་ཟས་རིགས་ཆེན་པོའི་ལྟ་བ་དར་སྤེལ་བཏང་ནས་ནགས་ཁྲོད་གསོ་སྤེལ་བྱེད་སྟངས་ཚད་ལྡན་བཟོ་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ནགས་ཚལ་ཐོན་ཁུངས་བེད་སྤྱོད་བྱེད་སྟངས་དར་སྤེལ་གཏོང་བ། དེ་བཞིན་ནགས་ཁྲོད་ཀྱི་ཤྭ་མོ་དང་། ཤིང་སྨན། ཤིང་འབྲས་སོགས་ནགས་ཁྲོད་ཀྱི་བཟའ་བཅའ་འབེལ་དུ་གཏོང་བ་བཅས་བྱས་ཏེ་ནགས་ཚལ་ཟས་རིགས་མཁོ་སྤྲོད་བྱེད་ནུས་ཆེ་རུ་གཏོང་དགོས། ནགས་ཚལ་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་སྐབས་ནགས་ཚལ་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་འཚོ་གནས་ཁོར་ཡུག་ལ་གཏོར་སྐྱོན་གཏོང་མི་ཆོག་པ་དང་། ནགས་ཚལ་སྐྱེ་ཁམས་མ་ལག་གི་བྱེད་ནུས་ལ་གནོད་སྐྱོན་གཏོང་མི་ཆོག
དོན་ཚན་སོ་དྲུག་པ། རང་སྐྱོང་ལྗོངས་ཀྱིས་ལོ་ལྟར་ནགས་ཚལ་གྱི་ཤིང་ཆ་གཅོད་ཚད་ལ་ཚོད་འཛིན་ནན་པོ་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ཤིང་ཆ་ཟད་ཚད་དེ་སྐྱེ་ཚད་ལས་དམའ་བ་དང་ནགས་ཚལ་རིགས་དབྱེ་གཉེར་སྐྱོང་དང་དོ་དམ་བྱེད་པའི་རྩ་དོན་གཞིར་བཟུང་། སྲིད་འཛིན་ས་ཁོངས་དེ་གའི་ལོ་རེའི་ཤིང་ཆ་གཅོད་པའི་བཅད་གྲངས་བཟོ་དགོས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱས་པ་མ་ཟད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་ཡོངས་བསྒྲགས་བྱེད་པ་དང་སྦྲགས། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་དཔོད་ཞུ་དགོས།
དོན་ཚན་སོ་བདུན་པ། ནགས་སའི་ཐོག་གི་ནགས་ཤིང་གཅོད་འབྲེག་བྱེད་དགོས་ཚེ་གཅོད་འབྲེག་འཁྲོལ་འཛིན་ཞུ་དགོས་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ལོགས་སུ་གཏན་འབེབས་བྱས་པ་ཕུད། དེ་མིན་ཚང་མ་གཅོད་འབྲེག་འཁྲོལ་འཛིན་གྱི་གཏན་འབེབས་ལྟར་གཅོད་འབྲེག་བྱེད་དགོས།
རྫོང་རིམ་ཡན་མི་དམངས་སྲིད་གཞུང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་སྲིད་དོན་ཞབས་ཞུ་སྒྲུབ་ཐབས་ལེགས་སུ་བཏང་ནས་རེ་འདུན་ཞུ་མཁན་གྱིས་གཅོད་འབྲེག་འཁྲོལ་འཛིན་གཉེར་སྒྲུབ་བྱ་རྒྱུར་སྟབས་བདེ་སྐྲུན་དགོས།
གྲོང་གསེབ་ཀྱི་ཡུལ་མིས་སྒེར་གྱིས་འགན་གཙང་བླངས་པའི་མཉམ་སྡེབ་ནགས་སའི་ཐོག་གི་ནགས་ཤིང་གཅོད་འབྲེག་བྱེད་སྐབས། རྫོང་རིམ་མི་དམངས་སྲིད་གཞུང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་ནམ་ཡང་ན་དེས་མངག་བཅོལ་བྱས་པའི་ཤང་གྲོང་རྡལ་མི་དམངས་སྲིད་གཞུང་ནས་གཅོད་འབྲེག་འཁྲོལ་འཛིན་དཔྱད་སྤྲོད་བྱེད་དགོས།
དོན་ཚན་སོ་བརྒྱད་པ། གཅོད་འབྲེག་འཁྲོལ་འཛིན་ཞུ་སྐབས་ངེས་པར་དུ་ཤིང་ཆ་གཅོད་སའི་ས་ཆ་དང་། ནགས་རིགས། ཤིང་རིགས། རྒྱ་ཁྱོན། གསོག་ཚད། བྱེད་ཐབས། གསར་སྒྱུར་བྱེད་ཐབས། ནགས་ཤིང་བདག་ཁོངས་སོགས་ཀྱི་འབྲེལ་ཡོད་དཔྱད་ཡིག་གོང་འབུལ་ཞུ་དགོས། གཏན་འཁེལ་བྱས་པའི་རྒྱ་ཁྱོན་ལས་བརྒལ་བའམ་ཡང་ན་གསོག་ཚད་ལས་བརྒལ་ཚེ། གཅོད་འབྲེག་ཁུལ་གྱི་བརྟག་དཔྱད་ཇུས་འགོད་དཔྱད་ཡིག་ཀྱང་ངེས་པར་དུ་གོང་འབུལ་ཞུ་དགོས།
དོན་ཚན་སོ་དགུ་པ། གཤམ་གསལ་གནས་ཚུལ་གྱི་གྲས་ཤིག་ཡོད་ཚེ། ནགས་ཤིང་གཅོད་འབྲེག་འཁྲོལ་འཛིན་སྤྲོད་མི་ཆོག་པ་སྟེ།
(གཅིག) རི་རྒྱ་ནགས་གསོའི་དུས་སྐབས་དང་རི་རྒྱ་ནགས་གསོའི་ཁུལ་གྱི་ནགས་ཤིང་གཅོད་འབྲེག་བྱེད་པ།
(གཉིས) ལོ་གོང་མར་ཤིང་ཆ་གཅོད་འབྲེག་བྱས་རྗེས། གཏན་འབེབས་གཞིར་བཟུང་གསར་སྒྱུར་ནགས་བཟོའི་ལས་འགན་སྒྲུབ་མེད་པ།
(གསུམ) ལོ་གོང་མར་ཤིང་ཆ་གང་བྱུང་དུ་བཅད་པའི་གྱོད་གཞི་ཚབས་ཆེན་དང་། ནགས་ཚལ་མེ་སྐྱོན་ནམ་ཡང་ན་ནགས་ལས་ཀྱི་གནོད་ལྡན་སྐྱེ་དངོས་ཀྱི་གནོད་འཚེ་ཐོན་ཀྱང་སྔོན་འགོག་དང་ལེགས་བཅོས་བྱེད་ཐབས་སྤྱད་མེད་པ།
(བཞི) བཅའ་ཁྲིམས་ཁྲིམས་སྲོལ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱི་གཏན་འབེབས་ནང་འཁོད་པའི་ཤིང་ཆ་གཅོད་འབྲེག་མི་ཆོག་པའི་གནས་ཚུལ་གཞན་དག་བཅས་ཡིན།
དོན་ཚན་བཞི་བཅུ་པ། གཅོད་འབྲེག་འཁྲོལ་འཛིན་ཐོབ་པའི་ཤིང་ཆ་གཅོད་མཁན་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གསར་སྒྱུར་ནགས་བཟོའི་ལས་འགན་ལེགས་སྒྲུབ་བྱེད་དགོས། གསར་སྒྱུར་ནགས་བཟོའི་རྒྱ་ཁྱོན་དེ་གཅོད་འབྲེག་རྒྱ་ཁྱོན་ལས་ཆེ་བ་དགོས་པ་དང་། གསར་སྒྱུར་ནགས་བཟོའི་རྒྱ་ཁྱོན་དེ་ངེས་པར་དུ་འབྲེལ་ཡོད་ལག་རྩལ་གྱི་སྒྲིག་སྲོལ་ནང་གཏན་ལ་ཕབ་པའི་ཚད་གཞི་དང་མཐུན་དགོས།
དོན་ཚན་ཞེ་གཅིག་པ། རང་སྐྱོང་ལྗོངས་ཀྱིས་ནགས་ཚལ་འགན་བཅོལ་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་དགོས། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ཁྲིམས་ལྟར་ནགས་ཚལ་འགན་བཅོལ་བྱེད་ཕྱོགས་ལ་འགན་བཅོལ་ཁ་གསབ་སྤྲོད་དགོས་པ་དང་། སྲིད་གཞུང་གིས་ཁྲིད་སྟོན་བྱེད་པ་དང་། ནོར་སྲིད་ཀྱིས་ཁ་གསབ་སྤྲོད་པ། རིམ་དབྱེ་འགན་འཁྲི་འཁུར་བ་བཅས་ཀྱི་རྩ་དོན་གཞིར་བཟུང་ལྗོངས་ཡོངས་ཀྱི་ནགས་ཚལ་ཉེན་ཟོན་གྱི་སྔོན་བརྡ་གཏོང་བ་དང་། དབྱེ་འབྱེད་ངོས་འཛིན་བྱེད་པ། དོ་དམ་ཚོད་འཛིན་བྱེད་པ་བཅས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
དོན་ཚན་ཞེ་གཉིས་པ། རང་སྐྱོང་ལྗོངས་ཀྱིས་ནགས་ཚལ་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་ཞིབ་རྩིས་རྒྱག་པ་དང་ནགས་ལས་ཐཱན་བསྡུས་ཉོ་ཚོང་བྱེད་པར་སྐུལ་མ་བཏང་ནས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས།
དོན་ཚན་ཞེ་གསུམ་པ། ཤིང་ཆ་ལས་གཉེར་དང་ལས་སྣོན་བྱེད་མཁན་ཁེ་ལས་ཀྱིས་ངེས་པར་དུ་མ་རྒྱུ་དང་ཐོན་རྫས་གཏོང་འཇུག་གི་རྩིས་ཁྲ་བཟོ་དགོས་པ་ལས། མི་བདེན་རྫུན་སྒྲིག་དང་སུབ་བཅོས་བྱེད་མི་ཆོག
ཚན་པ་གང་ཞིག་དང་མི་སུ་ཞིག་ཡིན་རུང་། ལྐོག་ཏུ་བཅད་པ་དང་གང་བྱུང་དུ་བཅད་པ་སོགས་ཤིང་ཆའི་ཡོང་ཁུངས་ཁྲིམས་དང་མི་མཐུན་པ་ཤེས་བཞིན་དུ་ཉོ་སྒྲུབ་དང་། ལས་སྣོན། སྐྱེལ་འདྲེན་བཅས་བྱེད་མི་ཆོག འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་ཤིང་ཆ་སྐྱོན་ཅན་དང་དེ་ལས་གྲུབ་པའི་ཐོན་རྫས་སྐྱེལ་འདྲེན་དང་། གཉེར་སྐྱོང་། ལས་སྣོན། བེད་སྤྱོད་བཅས་བྱེད་མི་ཆོག
ལེའུ་ལྔ་པ། ལྟ་སྐུལ་ཞིབ་བཤེར།
དོན་ཚན་ཞེ་བཞི་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་། ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་། ཉམས་གསོ། བེད་སྤྱོད། གསར་སྒྱུར་བཅས་བྱེད་པར་ལྟ་སྐུལ་ཞིབ་བཤེར་བྱས་ནས་ནགས་ཚལ་ཐོན་ཁུངས་གཏོར་བཤིག་བཏང་བའི་ཁྲིམས་འགལ་བྱེད་སྤྱོད་རིགས་ཁྲིམས་བཞིན་ཞིབ་བཤེར་ཐག་གཅོད་བྱེད་དགོས།
དོན་ཚན་ཞེ་ལྔ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ཤིང་ཆ་གཉེར་སྐྱོང་དང་ལས་སྣོན་སོགས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱ་ཡུལ་དུ་བསྐྱོད་དེ་ཤིང་ཆ་དང་། དེ་བཞིན་ཤིང་ཆ་སྐྱོན་ཅན་དང་དེ་ལས་གྲུབ་པའི་ཐོན་རྫས་སྐྱེལ་འདྲེན་དང་གཉེར་སྐྱོང་ལས་སྣོན་སོགས་བྱ་རྒྱུར་ཁྲིམས་བཞིན་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།
ལྟ་སྐུལ་ཞིབ་བཤེར་པས་ངེས་པར་དུ་སྤྱོད་གོ་ཆོད་པའི་ཁྲིམས་སྒྱུར་ལག་ཁྱེར་སྟོན་ཏེ་ཁྲིམས་བཅད་ཀྱི་ལས་རིམ་སྒྲུབ་དགོས་པ་ལས། ཐོན་སྐྱེད་གཉེར་སྐྱོང་པའི་རྒྱུན་ལྡན་གྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོར་འགོག་རྐྱེན་བཟོ་མི་ཆོག
དོན་ཚན་ཞེ་དྲུག་པ། ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་གོང་འཕེལ་གཏོང་བའི་ལས་དོན་སྤེལ་ཤུགས་མི་འདང་བ་དང་། གནད་དོན་མངོན་གསལ་དོད་པ། མང་ཚོགས་ཀྱི་བསམ་འཆར་ཆེ་བ་བཅས་ཀྱི་ས་ཁུལ་ཡིན་ཕྱིན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནགས་ལས་རྩྭ་ཐང་གཙོ་འགན་སྡེ་ཚན་གྱིས་ས་གནས་དེ་གའི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོ་སྐོང་འདྲི་བྱེད་ཆོག་པ་མ་ཟད། དེར་བྱེད་ཐབས་སྤྱད་དེ་དུས་ཐོག་ཏུ་དག་ཐེར་ཡོ་བསྲང་བྱ་རྒྱུའི་བླང་བྱ་འདོན་དགོས། སྐོང་འདྲི་དང་དག་ཐེར་ལེགས་བཅོས་བྱས་ཚུལ་དེ་ངེས་པར་དུ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས།
དོན་ཚན་ཞེ་བདུན་པ། རང་སྐྱོང་ལྗོངས་ཀྱིས་ཁུལ་ཁོངས་མཉམ་ལས་ལམ་སྲོལ་བཟོ་བ་དང་ཚགས་ཚུད་དུ་གཏོང་བ་དང་། ནགས་ཚལ་ཐོན་ཁུངས་ལ་སྲུང་སྐྱོབ་དང་དོ་དམ་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། ཚན་རྩལ་ཅན་དང་ཆ་འཕྲིན་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐོག་ནས། ཁྲིམས་འགལ་གྱོད་གཞི་ཚབས་ཆེན་དང་། དེ་བཞིན་སྲིད་འཛིན་ས་ཁོངས་བརྒལ་བ་དང་སྐྱེ་ཁམས་འཁྲུག་སླ་བའི་ས་ཁོངས་ཀྱི་ཁྲིམས་འགལ་གྱོད་གཞིར་ཁྲིམས་བཞིན་མཉམ་འབྲེལ་ཐོག་ཁྲིམས་སྒྱུར་བྱེད་དགོས།
ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
དོན་ཚན་ཞེ་བརྒྱད་པ། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་བྱེད་པའི་ལས་འགན་ཁྲིམས་བཞིན་མ་བསྒྲུབས་པར། རང་འགན་སྣང་མེད་དུ་འཇོག་པ་དང་། འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་བྱས་ཚེ། འགན་འཁྲི་ཡོད་པའི་འགོ་ཁྲིད་དང་ཐད་ཀའི་འགན་འཁྲི་ཡོད་མཁན་ལ་ཁྲིམས་བཞིན་ཆད་པ་གཅོད་རྒྱུ།
དོན་ཚན་ཞེ་དགུ་པ། བྱ་ཐབས་འདིའི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་རིགས། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཆད་གཅོད་ཀྱི་གཏན་འབེབས་ཡོད་ཚེ་གཏན་འབེབས་དེ་བཞིན་ལག་བསྟར་བྱེད་རྒྱུ།
ལེའུ་བདུན་པ། ཞར་བྱུང་།
དོན་ཚན་ལྔ་བཅུ་པ། བྱ་ཐབས་འདི་2026ལོའི་ཟླ་9ཚེས་1ཉིན་ནས་ལག་བསྟར་བྱས་པ།
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)
འབྲེལ་ཡོད་གསར་འགྱུར།