《བོད་རང་སྐྱོང་ལྗོངས་ཀྱི་དུས་ཡུན་རིང་འབྲིང་གི་གཞོན་ནུའི་འཕེལ་རྒྱས་འཆར་འགོད(2018—2025ལོ)》ཀྱི་དམིཌ་ཚད་དང་ལས་འགན་གཙོ་བོ་སྤྱིར་ན་ལེཌ་གྲུབ་ཟིན་པ།
ཚེས་11ཉིན། གསར་འགོད་པར《བོད་རང་སྐྱོང་ལྗོངས་ཀྱི་དུས་ཡུན་རིང་འབྲིང་གི་གཞོན་ནུའི་འཕེལ་རྒྱས་འཆར་འགོད(2018—2025ལོ)》ལག་བསྟར་བྱས་ཚུལ་གྱི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 《འཆར་འགོད》ལ་དུས་མཇུག་གི་དཔྱད་དཔོག་བྱས་པ་བརྒྱུད། དམིགས་ཚད་དང་ལས་འགན་གཙོ་བོ་སྤྱིར་ན་ལེགས་གྲུབ་ཟིན་པ་དང་གཞོན་ནུའི་འཕེལ་རྒྱས་ཀྱི་ཐོབ་སྣང་རྒྱུན་མཐུད་ཆེ་རུ་སོང་བ་མ་ཟད། གཞོན་ནུས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པའང་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད།
གཞོན་ནུའི་འཕེལ་རྒྱས་ཀྱི་ཐོབ་སྣང་རྒྱུན་མཐུད་ངང་ཆེ་རུ་སོང་ཞིང་། རང་ལྗོངས་ཀྱིས་གཞོན་ནུ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྒྲིག་འཛུགས་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། ལོ་ལྔའི་རིང“གཞོན་ནུ་མར་ཁེ་སི་རིང་ལུགས་པའི་འདུ་འགོད”ལག་བསྟར་བྱས་ནས་སློབ་མ་ཁྲི་2ཙམ་གསོ་སྐྱོང་བྱས་པས་གཞོན་ནུའི་བསམ་བློའི་གཞི་རྩ་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཡོད། སློབ་གསོའི་བྱ་གཞག་གི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ནས་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་2024ལོར་97.86%བར་མཐོ་རུ་ཕྱིན་པ་དང་། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་ཞུགས་བྱེད་ཚད་2025ལོར་92.04%བར་མཐོ་རུ་ཕྱིན་པ། མཐོ་རིམ་སློབ་གསོའི་ན་འདྲེས་སློབ་ཞུགས་བྱེད་ཚད་60.2%བར་མཐོ་རུ་ཕྱིན་པ་བཅས་རེད། བདེ་ཐང་གི་འགན་སྲུང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་གཞོན་ནུ་ལོ་ཆུང་གི་ནད་གཞི་དབྱེ་བཤེར་སྐྱོབ་བཅོས་དང་། བདེ་ཐང་དོ་དམ། རྒྱང་སྒྲིབ་སྔོན་འགོག་དང་ཚོད་འཛིན་སོགས་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བ་དང་། “ལོ་ཆུང་ཚོ་རྒྱུགས་ཤིག”སོགས་ལུས་རྩལ་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བས། གཞོན་ནུ་ལོ་ཆུང་གི་གཟུགས་གཞི་བདེ་ཐང་གི་ཚད་ལོན་ཚད་2025ལོའི་88.26%བར་མཐོ་རུ་ཕྱིན་ཡོད། ལས་ཞུགས་ལས་གཏོད་ཀྱིས་སྤུས་འབྲས་ལེགས་གཉེར་ལ་ཞབས་འདེགས་ཞུས་ཏེ་རིམ་རྩིས་བརྒྱབ་ན་ལས་གནས་ཁྲི་29ལྷག་ཙམ་བཏོད་པ་དང་། ལྟ་སྦྱོང་རྟེན་གཞི་824བསྐྲུན་པ། གདན་ཞུའི་བྱེད་སྒོ་ཐེངས་4000ལྷག་ཙམ་སྤེལ་བ། གཞོན་ནུ་4000ལས་གཏོད་ཐུབ་པར་རོགས་སྐྱོར་དང་མི་ཁྲི་1ལྷག་ཙམ་ལས་ཞུགས་ཐུབ་པར་ཁྲིད་སྟོན་བཅས་བྱས་ནས། མཐོ་སློབ་ཀྱི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་ཟིན་ཡོད། ལྗོངས་ཡོངས་ཀྱི་ལས་གཏོད་གསོ་སྐྱོང་ལས་སྟེགས་40བར་མང་དུ་བཏང་ནས“འགྲན་སློང་བུམ་པའི”རྣམ་གྲངས་66ལ་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ་པ་རེད།
རིག་གནས་དང་འཚོ་བ་རྒྱུན་མཐུད་ཕུན་སུམ་ཚོགས་སུ་སོང་ནས་གཞོན་ནུ་བརྗོད་གཞིར་བྱས་པའི་རིག་གནས་ཐོན་རྫས་ཀྱིས་བཟུང་བའི་བསྡུར་ཚད་2025ལོའི་41%བར་མཐོ་རུ་ཕྱིན་ཡོད། སློབ་གྲྭར་ཁྲིམས་སྐྱོང་ཁྱབ་སྤེལ་དང་ལད་ཟློས་ཁྲིམས་ར་སོགས་ཁྲིམས་ལུགས་ཁྱབ་གདལ་བྱེད་སྒོ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཏེ་ན་སོ་དར་ལ་མ་བབས་པའི་མི་སྲུང་སྐྱོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད། 2025ལོར་ལྗོངས་ཡོངས་སུ་ན་སོ་དར་ལ་མ་བབས་པའི་བཅའ་ཁྲིམས་རོགས་སྐྱོར་ཐོབ་མཁན་མི་ཐེངས་476བར་འཕར་བ་དང་། ན་སོ་དར་ལ་མ་བབས་པའི་མིས་ཉེས་པ་གསོག་ཚད་4.02%ནས་2.47%བར་ཆག་པ་མ་ཟད། གཞོན་ནུ་ལོ་ཆུང་གི་ཁེ་དབང་སྲུང་སྐྱོང་སྔར་བས་ཏན་ཏིག་ཐུབ་ཡོད།
གཞོན་ནུས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཞིང་། གཞི་རིམ་བཅོས་སྐྱོང་ལ་ཞབས་འདེགས་ཞུ་བའི་ཐད། ལྗོངས་ཡོངས་སུ་ལག་ཁྱེར་ཡོད་པའི་སྤྱི་ཚོགས་ལས་དོན་པ་2025ལོར་1291བར་མང་དུ་ཕྱིན་པ་དང་གཞི་རིམ་གྱི་གཞོན་ནུའི་བསྡུར་ཚད་40.27%བར་མང་དུ་ཕྱིན་ཡོད། ལྗོངས་ཡོངས་ཀྱི་མཐོ་སློབ་ཀྱིས“གཤམ་སྐྱོད་གསུམ”གྱི་ཞབས་ཞུའི་རུ་ཁག་300ལྷག་ཙམ་བཙུགས་པ་དང་གཞོན་ནུ་སློབ་མ་3200ལྷག་ཙམ་གཞི་རིམ་དང་མཐའ་མཚམས་ཀྱི་འཐབ་ས་དང་པོར་བསྐྱོད་དེ་སློབ་གསོར་རྒྱབ་སྐྱོར་དང་ཚན་རིག་ཁྱབ་གདལ་དང་དམངས་ཕན་གཅེས་སྐྱོང་སོགས་ཀྱི་ཞབས་ཞུའི་ལས་དོན་སྤེལ་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཐད། ཀྲུང་དབྱང་གི་གཞུང་ཁོངས་ཁེ་ལས་དང་འབྲེལ་མཐུད་བྱས་ནས་ལས་གནས་25674མཁོ་འདོན་བྱས་པར་སློབ་ཐོན་སློབ་མ་9610ལས་ཞུགས་ཐུབ་ཡོད། གཞི་རིམ་གྱི་ཞབས་ཞུའི་རྣམ་གྲངས་སྣ་ཚོགས་བརྒྱུད་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་5ཙམ་བསྡུས་པ་དང་། ནུབ་རྒྱུད་འཆར་གཞིའི་དང་བླངས་པ་400ལྷག་ཙམ་བོད་དུ་གཞིས་ཚུགས་པ། གཞོན་ནུ་རྐང་འཛིན་པ་2100ལྷག་ཙམ་གསོ་སྐྱོང་བཅས་བྱས་པ་རེད། ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཐད། ཉེ་བའི་ལོ་བཞིའི་ནང་རིམ་རྩིས་བརྒྱབ་ན་གཞོན་ནུ་ཁྲི་12.6སྒྲིག་འཛུགས་བྱས་ནས་སྐྱེ་ཁམས་དང་བླངས་ཞབས་ཞུ་ཐེངས་8200ལྷག་ཙམ་སྒྲུབ་པ་དང་། གཞོན་ནུའི་དཔེ་སྟོན་ནགས་ཚལ་5བསྐྲུན་པ། སྡོང་རྐང་ཁྲི་38ལྷག་ཙམ་བཙུགས་པ་བཅས་བྱས་ནས་ས་མཐོའི་སྔོ་ལྗང་རི་ཀླུང་རྒྱུན་མཐུད་སྲུང་སྐྱོང་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།