དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-12

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝེ་ཤིའུ་ཁྲང་གིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་ནས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་དམར་རུ་ཤང་དང་། གངས་ཆེན་ཤང་། གླ་ཤི་གྲོང་རྡལ་བཅས་སུ་ཕེབས་ཏེ་གནོད་འཚེ་ཕོག་པའི་ས་ཡུལ་དངོས་ལ་གཟིགས་ཞིབ་གནང་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།

    བརྟག་ཞིབ་གནང་རིང་། བརྟག་ཞིབ་ཚོགས་ཆུང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་དང་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་སྦྲ་ཆེན་རྫོང་གི་ཡོམ་འགོག་གེགས་སེལ་ལས་དོན་དང་དེ་བཞིན་ཀྲུང་དབྱང(གཞུང་ཁོངས)ཁེ་ལས་ཀྱིས་གེགས་སེལ་རོགས་སྐྱོབ་དང་མང་ཚོགས་བཀོད་སྒྲིག་ཐད་ལེགས་སྐྱེས་ཕུལ་བར་ཁས་ལེན་གང་ལེགས་བྱས་ཤིང་། བརྟག་ཞིབ་ཚོགས་ཆུང་གིས་ཀྲུང་དབྱང(གཞུང་ཁོངས)ཁེ་ལས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་ནན་པོ་འཁུར་ནས་འཕྲིན་གཏོང་དང་། གློག་ཤུགས། སྣུམ། དངུལ་རྩ་བཅས་འགན་ལེན་ལ་སྤྱི་འདོམས་ཡག་པོ་བྱས་ཏེ་སླར་གསོ་བསྐྱར་སྐྲུན་ལ་འདེགས་སྐྱོར་བརྟན་པོ་བྱེད་དགོས་ཞེས་བསྟན་པ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་མང་ཚོགས་ཀྱི་སྡོད་ཁང་གི་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་འགན་ཨང་དང་པོར་བརྩིས་ནས་དེང་རབས་ཀྱི་ཚན་རྩལ་དང་མི་རིགས་ཀྱི་ཁྱད་ཆོས་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་དང་ཨར་སྐྲུན་གྱི་སྤུས་ཚད་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས། ལོ་རྒྱུས་དང་། ལག་ལེན། མི་དམངས་བཅས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་བློ་བདེའི་ལས་གྲྭ་དང་། བློས་འཁེལ་ལས་གྲྭ དམངས་སེམས་ལས་གྲྭ་བཅས་སུ་བསྐྲུན་དགོས་པ་དང་། ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་བཀོད་སྒྲིག་ས་ཚིགས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱས་ཏེ་མེ་ཟོན་བདེ་འཇགས་དང་དངོས་ཟོག་དོ་དམ་ལ་དམ་པོར་དམིགས་ནས། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ཏེ“གཅིག་རེ་དྲུག”གི་ལས་ཀའི་ལམ་སྲོལ་རྒྱུན་མཐུད་དོན་འཁྱོལ་བྱེད་པ་དང་། ཁྲིམས་དང་སྒྲིག་སྲོལ་ལྟར་མང་ཚོགས་ཀྱི་རེ་ཞུར་བརྡ་ལན་སྤྲོད་པ། རྒྱུན་རྣམ་ཅན་གྱི་སྒོ་ནས་དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་ཡག་པོ་བཅས་བྱས་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་དངོས་པོའི་རྨང་གཞི་བརྟན་པོ་རྒྱུན་མཐུད་མཁོ་འདོན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།