བཅའ་ཁྲིམས་སྒྲོག་འགྲེལ་དང་འོས་འགན་སྨན་བཅོས་ཟུང་འབྲེལ་བྱས་པ།
རིམ་གསུམ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཉི་མ་གྲོང་རྡལ་ཐང་ལུ་གྲོང་ཚོར་ཆེད་དོན་བྱེད་སྒོ་སྤེལ་བ།
འབྲོག་ཁུལ་བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་ཏན་ཏིག་དང་ས་མཐོའི་བུད་མེད་ཀྱི་ལུས་སེམས་བདེ་ཐང་ལ་གཅེས་སྐྱོང་བྱ་ཆེད། ཉེ་ཆར་རང་སྐྱོང་ལྗོངས་དང་། ནག་ཆུ་གྲོང་ཁྱེར། ཉི་མ་རྫོང་བཅས་རིམ་གསུམ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཉི་མ་གྲོང་རྡལ་ཐང་ལུ་གྲོང་ཚོར་བསྐྱོད་དེ“ཁྲིམས་ལྟར་བོད་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་གཞི་རིམ་དུ་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”ཆེད་དོན་བྱེད་སྒོ་སྤེལ་ཞིང་། ཐང་ལུ་གྲོང་ཚོར་བཅའ་སྡོད་ལྗོངས་ཏང་ཨུད་རྩ་འཛུགས་པུའི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅོ་ལྔ་པས་གཞོགས་འདེགས་ཧུར་ཐག་བྱས་ཏེ་བཅའ་ཁྲིམས་ཤེས་བྱ་དང་བདེ་ཐང་ཞབས་ཞུ་འབྲོག་ཁུལ་བུད་མེད་ཀྱི་སྒོ་རྩར་བསྐྱལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འབྲོག་པའི་སྡོད་གནས་ཁ་ཐོར་ཡིན་པའི་དོན་དངོས་ལ་དམིགས་ནས་གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་སྔ་སྣུར་དུ་འཆར་འགོད་བྱས་ཏེ་སྐད་འཕྲིན་ཚོགས་པ་དང་། དུད་ཚང་དུ་བསྐྱོད་དེ་འཚམས་འདྲི་བྱེད་པ། ཁྱིམ་མཚེས་དབར་ལན་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་སྐུལ་སློང་རྒྱ་ཁྱབ་བྱས་ནས་གྲོང་ཚོ་ཡོངས་ཀྱི་བུད་མེད་ཚང་མས་དེ་དོན་ཤེས་པ་དང་དེའི་ནང་ཧུར་ཐག་ཞུགས་ཐུབ་པར་འགན་ལེན་བྱས་ཤིང་། དྲིལ་བསྒྲགས་དང་སྒྲོག་འགྲེལ་དམངས་སེམས་སུ་ཟུག་པར་བྱ་ཆེད། སེམས་ཁམས་རིགས་གཅིག་མཁས་ཅན་གྱིས“སེམས་ནས་འགོ་བཙུགས་ཏེ་བུད་མེད་ཀྱི་བདེ་ཐང་ལ་དོ་ཁུར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཁྱིམ་ཚང་གི་འགལ་ཟླ་སེལ་བ་དང་། སེམས་ཁམས་ལ་དོ་ཁུར། ཕ་མ་བུ་ཕྲུག་དབར་གྱི་འབྲེལ་གཏུག་སོགས་ཀྱི་ནང་དོན་ལ་དམིགས་ཏེ་ཕན་ཚུན་སྤེལ་རེས་དང་གྱོད་དཔེ་ངོ་མར་བརྟེན་ནས་བུད་མེད་ཚོར་བདེ་ཐང་གི་སེམས་ཁམས་ཤིག་ཡོང་བར་ཁྲིད་སྟོན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།