དབུ་ཤོག>སྲིད་དོན།>ཏང་སྲིད་སྒྲིག་གཞི།
  • མཁར་རྫོང་རྨང་གཞི་བརྟན་དུ་བཏང་། གདོང་ལེན་སྣེ་ཁྲིད་ལེགས་པར་བྱས།

    ​—— ཆབ་མདོ་གྲོང་ཁྱེར་གྱིས་ལས་རྣམ་གསར་པའི་ཚོགས་སྤྱིའི་གསར་བརྗེའི་འཕེལ་རྒྱས་ཀྱི་སྒུལ་ནུས་འཕེལ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-11

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཨུད་སྤྱི་ཚོགས་ལས་དོན་པུའི་མཛུབ་ཁྲིད་ནུས་ལྡན་འོག “1234”མ་ལག་ལས་ཀའི་བྱེད་ཐབས་ལག་ལེན་བསྟར་བ་བརྒྱུད། ཏང་འཛུགས་སྐྱོང་དང་ལས་སྒོའི་ལས་དོན་མཉམ་འདྲེས་གཏིང་ཟབ་དང་། བསམ་སྤྱོད་གཅིག་མཐུན། མཉམ་འདྲེས་གཉིས་དར་བཅས་ལ་མུ་མཐུད་སྐུལ་འདེད་བཏང་བས། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་དེ“མཐོང་རྒྱུ་ཡོད་པར་ཁྱབ་པ”ནས“ཕན་ནུས་ཡོད་པར་ཁྱབ་པའི”བར་འགྱུར་ལྡོག་རིམ་བཞིན་བྱུང་ཡོད།

    ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད། རྒྱལ་ཁབ་ཀྱི་བདེ་འཇགས། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་ཆེད་དོན་སློབ་གསོ་སྤེལ་བ་དང་། དྲ་ཐོག་སློབ་སྦྱོང་དང་། དྲ་ཕྱིའི་དངོས་སྦྱོང་། ས་གནས་ས་ཐོག་གི་ལྟ་སྦྱོང་བཅས་ཟུང་དུ་འབྲེལ་བའི་གསོ་སྦྱོང་ཁྱབ་གདལ་བཏང་ཞིང་། ལོ་སྟོད་དུ་རིམ་རྩིས་བརྒྱབ་ན་སློབ་སྦྱོང་སློབ་གསོ་སྣ་ཚོགས་ཐེངས་140སྤེལ་བ་དང་། ཏང་ཡོན་1040ལ་ཁྱབ་པ། གྲོང་ཁྱེར་རིམ་པའི་ཆེད་དོན་གསོ་སྦྱོང་ཐེངས་2གཉེར་བར་མི་ཐེངས་220ཞུགས་ཡོད་པ་རེད།

    ཆབ་མདོའི་གྲོང་ཁྱེར་གྱི་ལྟེ་བའི་འཁྲུག་ཆ་དོད་ཤོས་ཀྱི་ཇ་རྟའི་ཐང་ཆེན་དུ་བྱམས་སྐྱོང་སྨན་རྫས་ཚོང་ཁང་ཆེ་མོས“ཏང་ཡོན་གྱི་གདོང་ལེན་ཞབས་ཞུའི་ས་ཚིགས”དང“ཏང་ཡོན་གྱི་གདོང་ལེན་ལས་གནས”ཆེད་མངགས་བཙུགས་ཏེ་ཏང་ཡོན་གྱི་མིང་སྦྱར་ཞབས་འདེགས་ཞུས་ཤིང་། ཁྱོན་བྱེད་སྒོ་ཐེངས་115སྤེལ་ནས་ཉེ་འཁོར་གྱི་མང་ཚོགས་མི་ཐེངས་ཁྲི་3ལྷག་ཙམ་ལ་ཞབས་འདེགས་ཞུས་པ་རེད། ཁོང་ཚོས་ད་དུང་གཟའ་འཁོར་རེར“ཏང་ཡོན་གྱིས་སྡེ་ཁུལ་དུ་འབྱོར་ཐོ་འགོད་པའི”ཞབས་ཞུའི་བྱེད་སྒོ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྡེ་ཁུལ་མང་ཚོགས་ཀྱི་ཁྲག་ཤེད་དང་ཁྲག་མངར་རིན་མེད་ངང་ལྟ་ཡི་ཡོད། ཉེ་བའི་ལོ་ཤས་རིང་། རིམ་རྩིས་བརྒྱབ་ན་སྨན་རྫས་དང་དངོས་ཟོག་སྣ་ཚོགས་ཞལ་འདེབས་བརྒྱབ་པར་རིན་ཐང་སྒོར་ཁྲི་25ཟིན་ཡོད།

    ཆབ་མདོ་གྲོང་ཨུད་སྤྱི་ཚོགས་ལས་དོན་པུས་སྐད་འཕྲིན་སྤྱི་རྟགས་དང་ལས་དོན་ཚོགས་པར་བརྟེན་ནས་གསར་དར་ཁྱབ་ཁོངས་ཀྱི“དྲ་ཐོག་སློབ་ཁང”བསྐྲུན་པ་དང་། སྲིད་ཇུས་གསལ་འགྲེལ་དང་། རིགས་པའི་གཞུང་ལུགས་ཀྱི་གཙོ་གནད། གསར་བརྗེའི་སློབ་གསོའི་དཔྱད་གཞི་བཅས་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཏེ་རིམ་རྩིས་བརྒྱབ་ན་སློབ་སྦྱོང་གི་ནང་དོན་327དང་དྲ་ཐོག་གི་དཔྱད་གཞི་210ལྷག་ཙམ་བཏང་ཡོད་པ་རེད། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་གསར་དར་ཁྱབ་ཁོངས་ཀྱི་ཏང་ཀྲི་པུའུ་135དང་ཏང་ཡོན་1040ཡི་སློབ་སྦྱོང་སློབ་གསོ་ཁྱོན་ཡོངས་ལ་ཁྱབ་ནས་ཏང་ཡོན་གྱི་བསམ་བློའི་རྨང་གཞི་བརྟན་དུ་རྒྱུན་མཐུད་ཕྱིན་ཡོད།

    ཆབ་མདོ་གྲོང་ཨུད་སྤྱི་ཚོགས་ལས་དོན་པུའི་ཏང་འཛུགས་སྐྱོང་ལས་དོན་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཧོ་ཏོན་མེན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཆབ་མདོ་གྲོང་ཨུད་སྤྱི་ཚོགས་ལས་དོན་པུས་ད་དུང་གྲོང་ཁྱེར་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམ་པོར་དམིགས་པ་དང་། ལས་རིགས་བཅོས་སྐྱོང་དང་། ཟང་ཟིང་བཅོས་སྒྲིག ཚོགས་སྤྱིའི་ཞབས་ཞུ། དམངས་ཕྱུག་འབབ་འཕར་བཅས་གཙོ་གནད་ཆེན་པོ་བཞིར་དམིགས་ཏེ། ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ་དང་། ཐོན་ལས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བ། མང་ཚོགས་ལ་འབབ་འཕར་ཡོང་རོགས་བཅས་བྱས་ཡོད། མིག་སྔར་གྲོང་ཁྱེར་ཡོངས་སུ་བཅོས་སྒྲིག་ཁྱབ་ཁོངས་ནང་བཅུག་པའི་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་སོགས་སྤྱི་ཚོགས་རྩ་འཛུགས་ཁྱོན་41ཡོད་པ་དང་། སྐབས་བརྗེའི་ཟང་ཟིང་གི་གནད་དོན་117ཚང་མ་བཅོས་སྒྲིག་ཟིན་པ། གྲོང་ཁུལ་དུ་མཛའ་གྲོགས་ཀྱི་ལྗོངས་རྣམ་སྣ་ཚོགས་50ལྷག་ཙམ་བསྐྲུན་པ། ལས་ཞུགས་ཚོགས་སྤྱི་གསར་པས་རིམ་རྩིས་བརྒྱབ་ན་དམངས་ཀྱི་གནས་ཚུལ་དང་གྲོས་འགོ་63གོང་ཞུ་བྱས་པ། མངོན་མེད་རྐྱེན་ངན་11ཐག་གཅོད་བྱེད་པར་གཞོགས་འདེགས་བྱས་ཡོད་པ་རེད།

    ལྷག་པར་དུ་གྲོང་ཁྱེར་ཡོངས་སུ་རིམ་རྩིས་བརྒྱབ་ན་སྒྲིག་འཛུགས་ཅན་གྱི་ལས་ཞུགས་གཞན་སྒྱུར་སྲིད་ཇུས་དྲིལ་བསྒྲགས་ཐེངས་2291བྱས་པ་དེ་མང་ཚོགས་མི་ཐེངས་ཁྲི་19.95ལ་ཁྱབ་པ་དང་། རིམ་ཁག་ངལ་ནུས་ཕྱིར་གཏོང་དཔུང་ཁག་1183རགས་ཙམ་ཆགས་པ། ཆེད་བསྐོས་མཉམ་ཞུགས་དོ་དམ་ལས་བྱེད་པ་1326འདེམས་མངགས་བྱས་པ། ངལ་ནུས་ཕྱིར་གཏོང་རུ་མི་ཁྱོན་ཁྲི་4.09བསྡུས་པ། ལས་ཞུགས་ལས་གནས་6360མཁོ་འདོན་བྱས་པ། མི་ཐེངས་ཁྲི་1.86ལས་ཞུགས་ཐུབ་པ། མང་ཚོགས་ལ་འབབ་འཕར་སྒོར་ཁྲི་5895ཡོང་བར་སྐུལ་ཁྲིད་བྱས་ཡོད།

    “སླད་ཕྱིན། ང་ཚོས་མུ་མཐུད་གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་འབྲས་ལེགས་གཉེར་གྱི་ལྟེ་བའི་དམིགས་ཚད་ལ་དམ་པོར་དམིགས་ནས་ཆབ་མདོའི‘ཡོད་ཚད་ཤར་དུ་ཕྱོགས་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་པའི’ལས་ཀའི་དམིགས་ཚད་མངོན་འགྱུར་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་ཧོ་ཏོན་མེན་གྱིས་བརྗོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།