སྟབས་བདེའི་དྲོད་ཁང་2ནས་ཞིང་ར་མུའུ་15བར་གྱི་འགྱུར་ལྡོག
—— སྟེང་ཆེན་རྫོང་ས་སྒང་ཤང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་བ།

འདི་ནི་ས་སྒང་ཤང་གི་མང་ཚོགས་ཚོས་ཐང་ཤིང་ཁྱིམ་ཚང་ཞིང་རའི་དྲོད་ཁང་ནས་སྔོ་ཚལ་འཐུ་བཞིན་པ།
བོད་ཤར་གྲོག་རོང་དུ་གནས་པའི་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ས་སྒང་ཤང་གི་རྒྱལ་ལམ་317གྱི་འགྲམ་དུ་རྒྱ་ཁྱོན་མུའུ་15ཟིན་པའི་དེང་རབས་ཅན་གྱི་དྲོད་ཁང་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། འདི་ནི་ཐང་ཤིང་ཁྱིམ་ཚང་ཞིང་ར་རེད། ཐོག་མའི་སྟབས་བདེའི་དྲོད་ཁང་2ནས་འགོ་བཙུགས་ཏེ་ལོ་མང་རིང་འཕེལ་རྒྱས་གཏིང་ཟབ་བཏང་བ་བརྒྱུད། ལོ་རེར་གཏན་འཇགས་འབབ་འཕར་སྒོར་ཁྲི་30ཟིན་པའི་ས་མཐོའི་ཁྱད་ལྡན་ཐོན་ལས་རྟེན་གཞིར་གྱུར་ཡོད། དེ་འཛུགས་མཁན་ནི་ས་གནས་དེ་གར་སྐད་གྲགས་ཅུང་ཆེ་བའི་ཕྱུག་འགྱུར་སྣེ་ཁྲིད་པ་འབྲུག་དར་རེད།
2015ལོར་འབྲུག་དར་གྱིས་ཕ་ཡུལ་གྱི་རྣམ་པར་འགྱུར་ལྡོག་གཏོང་བའི་འདུན་པ་བཅངས་ནས་གསོག་དངུལ་སྒོར་ཁྲི་10ཡོང་རྫོགས་བཏོན་ཏེ་སྟབས་བདེའི་དྲོད་ཁང་གཉིས་བསྐྲུན་མོད། འོན་ཀྱང་མ་དངུལ་ཟད་པ་དང་། ལག་རྩལ་མི་འདང་བ། ཚོང་ལམ་ཡག་པོ་མེད་པ་བཅས་ཀྱི་དཀའ་ངལ་གྱིས་རྐྱེན་པས་ཁོང་ཐབས་ཟད་འུ་ཐུག་གི་གནས་སུ་གྱར།
ས་སྒང་ཤང་ཏང་ཨུད་དང་ཤང་སྲིད་གཞུང་གིས་འབྲུག་དར་གྱི་གནས་ཚུལ་ཤེས་རྗེས་འབྲུག་དར་ཕྱུག་འགྱུར་སྣེ་ཁྲིད་པར་གཙོ་གནད་ཐོག་གསོ་སྐྱོང་བྱས་ཤིང་། གྲོང་སྡོད་ལས་དོན་རུ་ཁག་གིས་འཕྲལ་མར་རོགས་སྐྱོར་མ་དངུལ་སྒོར་ཁྲི་19བརྩོན་ལེན་བྱས་ནས་ཁོང་གི་མ་དངུལ་གྱི་གནོན་ཤུགས་ཆུང་དུ་བཏང་བ་རེད། རྫོང་གིས་ཆེད་སྤྱོད་མ་དངུལ་སྒོར་ཁྲི་232བཏང་ནས་སྟབས་བདེའི་ས་ཕག་དྲོད་ཁང་དེ་ཆུ་དང་། གློག ལམ་བཅས་ཀྱི་སྒྲིག་བཀོད་ཆ་ཚང་བའི་ཚད་ལྡན་ཅན་གྱི་དྲོད་ཁང་ཆེ་མོར་རིམ་སྤོར་བྱས་ཏེ་ཞིང་རའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད།
རྨང་གཞིའི་སྒྲིག་བཀོད་ཀྱི་འཇུར་མིག་ཐག་གཅོད་ཐུབ་རྗེས་ཞིང་རའི་འཕེལ་རྒྱས་ཀྱི་གསོན་ཤུགས་གང་ལེགས་འཕེལ་ཡོད། དྲོད་ཁང་2ནས་14བར་མང་དུ་ཕྱིན་པ་དང་འདེབས་ཁྱོན་སྨི་ངོས་གྲུ་5600ལྷག་ཙམ་ཟིན་ཡོད། ཞིང་རས་ལྗང་མདོག་སྐྱེ་ཁམས་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞིང་སྨན་རྒྱག་མི་དགོས་པའི་ས་མཐོའི་སྔོ་ཚལ་བཏབ་ཡོད། དེ་དང་ཆབས་ཅིག བཞོན་མ་གསོ་ཚགས་ས་ཚིགས་བཙུགས་པར་ད་ཡོད་བཞོན་མ་མགོ་གྲངས་14དང་ཉིན་རེར་འོ་མ་སོས་པ་རྒྱ་མ་40ལྷག་ཙམ་ཐོན་གྱི་ཡོད། ཉེ་བའི་ལོ་ལྔའི་རིང་ཞིང་རར་རིམ་རྩིས་བརྒྱབ་ན་ཡོང་འབབ་སྒོར་ཁྲི་150ལྷག་ཙམ་བྱུང་ནས་དཔལ་འབྱོར་གྱི་ཕན་འབྲས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
ཐོན་ལས་དར་རྒྱས་གཏོང་བའི་མཐར་ཐུག་གི་དམིགས་ཡུལ་ནི་དམངས་འཚོར་ཕན་པ་འདོགས་རྒྱུ་དེ་རེད། འབྲུག་དར་གྱིས་ཐོག་མཐའ་བར་གསུམ་དུ“ཡུལ་མི་སྤུན་ཟླར་སྐུལ་ཁྲིད”བྱ་རྒྱུ་དེ་ཐོག་མའི་བསམ་འདུན་དུ་བརྩིས་ཤིང་། ཞིང་རས་ས་གནས་དེ་གའི་ཡུལ་མི་སྔོན་ལ་གདན་ཞུ་བྱས་པ་དང་། ལས་མི་མང་བའི་དུས་སུ་མི་20ལྷག་ཙམ་བསྡུས་པ། ལོ་རེར་ཆ་སྙོམས་གླ་ཕོགས་སྒོར་ཁྲི་17སྤྲོད་ཀྱི་ཡོད། ལོ་ལྟར་དུད་ཚང་དབུལ་པོ་25ལ་ཁེ་སྤོགས་མ་དངུལ་སྒོར་ཁྲི་1སྤྲོད་པ་དང་འབྲེལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་60ལ་ལོ་འཁོར་མོར་རིན་མེད་ངང་སྔོ་ཚལ་སོས་པ་མཁོ་འདོན་བྱེད་ཀྱི་ཡོད།
དེ་བས་གལ་འགངས་ཆེ་བ་ཞིག་ནི་ལག་རྩལ་ཐད“བརྒྱུད་རོགས་ཁྲིད་གསུམ”བྱས་ཤིང་། འབྲུག་དར་གྱིས་གསོ་སྦྱོང་སློབ་ཁང་དྲོད་ཁང་ཆེ་མོར་སྤོས་ནས་སྔོ་ཚལ་འདེབས་འཛུགས་དང་བཞོན་མ་གསོ་ཚགས་ལག་རྩལ་དམར་ཁྲིད་བྱས་ཡོད། ཉེ་བའི་ལོ་9ཡི་རིང་རིམ་རྩིས་བརྒྱབ་ན་རྩལ་ནུས་གསོ་སྦྱོང་ཐེངས་40ལྷག་ཙམ་བྱས་པ་དང་ས་གནས་དེ་གའི་འདེབས་འཛུགས་འཇོན་ཐང་ཅན་30ལྷག་ཙམ་གསོ་སྐྱོང་བྱས་ཡོད། ད་ཆ་སློབ་མ་མི་ཉུང་བ་ཞིག་རང་མགོ་ཐོན་ནས་རང་ཁྱིམ་གྱི་འདེབས་གསོའི་ཐོན་ལས་ཆུང་ངུ་ཞིག་ཆགས་ཡོད་པ་རེད།
དྲོད་ཁང་གཉིས་ནས་ཞིང་ར་གཅིག་གི་བར་ཐང་ཤིང་ཁྱིམ་ཚང་ཞིང་རའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་ནི་མི་སྒེར་གྱི་འབད་འཐབ་དང་རྩ་འཛུགས་ཀྱིས་སྣེ་ཁྲིད་བྱས་པའི་བསམ་སྤྱོད་གཅིག་མཐུན་ཞིག་ཡིན་ལ། ས་སྒང་ཤང་དང་ཐ་ན་སྟེང་ཆེན་རྫོང་གིས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་དེ་བས་རེད། ས་བབ་སྨི་3000ལྷག་ཙམ་ཡོད་པའི་ས་མཐོའི་ས་གཞིའི་ཐོག“ཐོན་ལས་ལྗོན་ཤིང”གི་རྩ་ཟབ་ལོ་རྒྱས་དང་མང་ཚོགས་ཕྱུག་པོར་འགྱུར་བའི་ལམ་བུ་དེ་བས་ཡངས་སུ་འགྲོ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།