རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་གཙོ་སྐྱོང་གནང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ།
ཟླ་11ཚེས་6ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། སྐོར་གཟིགས་སྐོར་ཞིབ་དང་། འཐབ་ཕྱོགས་གཅིག་གྱུར། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་10ཚེས་23ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཆབ་སྲིད་སྐོར་གཟིགས་ཀྱི་ངེས་གནས་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་ཡོ་ཁྱད་འཚོལ་ཞིབ་ཧུར་ཐག་བྱས་ནས། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“དོན་ཆེན་བཞི”དོན་འཁྱོལ་ལ་རྒྱུན་མཐུད་དམ་འཛིན་ཡག་པོ་བྱེད་པར་སྐུལ་འདེད་གཏོང་དགོས། རལ་གྲི་རྣོན་པོའི་ནུས་པ་འདོན་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་ཆད་ནན་གཅོད་དང་། གནད་སྨིན་བཅོས་སྒྲིག སྔོན་འགོག་ནུས་ལྡན། གཞི་གཅིག་དམ་འཛིན་བཅས་གཏིང་ཟབ་དང་ཏན་ཏིག་བྱེད་པར་སྐུལ་འདེད་གཏོང་དགོས། དམངས་ཆེད་སྐོར་གཟིགས་སྐོར་ཞིབ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སེམས་ནུས་ཡོད་རྒུས་ཐག་གཅོད་བྱས་ཏེ། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། སྐོར་གཟིགས་ལ་བརྟེན་ནས་དག་ཐེར་ལ་སྐུལ་འདེད་དང་བཅོས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་གི་སྐོར་གཟིགས་ལན་སྤྲོད་གནད་དོན་གྱི་དག་ཐེར་ལ་རྒྱུན་མཐུད་དམ་འཛིན་ཡག་པོ་བྱས་ཏེ། རྒྱུན་ཆད་མེད་པར་གྲུབ་འབྲས་བེད་སྤྱོད་གཏིང་ཟབ་བྱས་ནས། སྒྱུར་བཅོས་ཟབ་གཏོང་དང་རྩ་ལག་མཉམ་བཅོས་ལ་སྐུལ་འདེད་གཏོང་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་སྐོར་གཟིགས་སྐོར་ཞིབ་ལས་ཀའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། སྐོར་གཟིགས་སྐོར་ཞིབ་གཏིང་ཟབ་ཕྱོགས་སུ་རྒྱ་སྐྱེད་གཏོང་བ་དང་། ཆེད་ལས་ཕྱོགས་སུ་ཤུགས་རྒྱག་པ། གཤམ་དུ་སྣུར་སྲིང་བྱེད་པ་བཅས་ལ་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུ་སྲུང་སྐྱོང་དང་བཅོས་སྐྱོང་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས་པའི་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་། 2026ལོའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གླེང་སྟེགས(ཞུང་ཨན)ལ་སྤྲིངས་པའི་འཕྲིན་ཡིག་གལ་ཆེན། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་བཙུགས་ནས་ལོ་ངོ་70འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཤིང་། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། ཆུ་གྲོན་ཆུང་སྔོན་ལ་འཇོག་པ་དང་། བར་མཐོངས་དོ་སྙོམས། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། ཕྱོགས་གཉིས་ནས་ཤུགས་རྒྱག་པ་བཅས་ཀྱི་ཆུ་བཅོས་བསམ་ཕྱོགས་མཐའ་འཁྱོངས་བྱས་ནས་སྲུང་སྐྱོང་དང་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། འབབ་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མཛེས་སྡུག་ལྡན་པ་དང་བདེ་སྐྱིད་ལྡན་པའི་གཙང་པོ་དང་མཚེའུ་འཛུགས་གཏོད་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། བོད་ཀྱི་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་ཏེ་མཐའ་འཁོར་རྒྱལ་ཁབ་དང་ས་ཁོངས་བཅོས་སྐྱོང་གི་ཀུན་མོས་བྱ་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། ས་ཁོངས་བཅོས་སྐྱོང་གི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ། མཐའ་འཁོར་ཆེན་པོ་དང་ཁྱབ་ཁོངས་མང་པོའི་མཉམ་ལས་ཟབ་ཏུ་བཏང་ནས་རྒྱལ་མཚམས་སྒྲོལ་བའི་གནོད་འཚེ་བཅོས་སྐྱོང་གི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
ཚོགས་འདུས་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་ཞིང་། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། “དོན་ཆེན་བཞི”དོན་འཁྱོལ་ལ་སྐུལ་འདེད་གཏོང་བར་དམ་པོར་དམིགས་པ་དང་། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། འཐབ་ཕྱོགས་གཅིག་གྱུར་ཆེན་མོའི་ལས་དོན་སྤེལ་ཕྱོགས་ཀྱི་ནུས་པ་འདོན་པ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ། ཏང་ཕྱིའི་འཐུས་མིའི་དཔུང་ཁག་འཛུགས་སྐྱོང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་རྒྱུན་རྣམ་དང་ཕུགས་ཕན་ངང་དམ་འཛིན་ཡག་པོ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་རྒྱ་སྐྱེད་སྤེལ་བ། ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་ཡག་པོ་སྤེལ་བ། གཉེར་སྐྱོང་བྱེད་པོ་ནང་འདྲེན་དང་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་ཕྱིའི་མི་སྣ་འདེམས་གསོ་གོ་ཆོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་མཐུན་སྒྲིལ་གྱི་རྣམ་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས།
ཚོགས་འདུས་ད་ལོ་ཚུན་ལྗོངས་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་ལས་དོན་གནས་ཚུལ་གྱི་སྙན་སེང་གསན་ཞིང་། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བཀོད་སྒྲིག་གཞིར་བཟུང་། གཅིག་སྡུད་བཅོས་སྒྲིག་ལས་དོན་དེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་བ་བཅས་དང་ཟུང་འབྲེལ་བྱས་ནས་འགན་འཁྲི་ནན་དུ་དང་དམ་དུ་གཏོང་བ་དང་། འབེན་དམིགས་འགག་སྒྲོལ་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ། རྒྱུན་རྣམ་ཅན་གྱི་བཅོས་སྒྲིག་དོན་འཁྱོལ་བཅས་བྱས་ནས། ཆེས་འགྱུར་མེད་ཀྱི་རྣམ་འགྱུར་དང་ཆེས་ནུས་ལྡན་གྱི་བྱ་ཐབས་ལ་བརྟེན་ནས་འགག་སྒྲོལ་གྱི་ཐག་གཅོད་དམག་འཐབ་ཡག་པོ་རྒྱག་དགོས།
ཚོགས་འདུའི་ཐོག་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་རྗེས་གདེང་འཇོག་དང་ཆེད་དོན་དཔྱད་ཞིབ་བྱས་འབྲས་བརྡ་ཁྱབ་བཏང་བ་དང་། སང་ལོའི་ལས་དོན་གྱི་གཙོ་གནད་དང་ལེགས་བཅོས་བྱ་ཐབས་ཀྱི་སྙན་སེང་གསན་ཞིང་། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གཞི་གྲངས་ལེབ་བཤེར་ནན་ཏན་བྱེད་པ་དང་། རང་བཤེར་རང་དཔྱད་བྱེད་པ། ལེགས་བཅོས་བྱ་ཐབས་ཁ་གསལ་བཟོ་བ་བཅས་བྱས་ནས་གཞི་གྲངས་དངོས་འབྲེལ་གསལ་པོ་རྟོགས་པ་དང་། གནས་ཚུལ་གསལ་པོ་རྟོགས་པ། བྱ་ཐབས་ཞིབ་ཕྲ་བཟོ་བ་བཅས་བྱེད་དགོས། ཧེ་བག་དང་ཞན་ཆ་བསལ་ནས་དཔྱད་ཞིབ་ཚུར་ལན་གནད་དོན་ལ་རྩིས་ཐོ་བཟོ་བ་དང་དག་ཐེར་ལ་དམིགས་པ་དང་། དཔྱད་ཞིབ་དངོས་འབྲེལ་སྣེ་ཁྲིད་དུ་བྱས་ནས་རྨང་གཞི་སྲ་བརྟན་དང་། ཞན་ཆ་སེལ་བ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱེད་དགོས། ཚན་རིག་དང་མཐུན་པའི་ལས་དོན་འཆར་འགོད་བྱེད་པ་དང་། ལོ་འཁོར་གྱི་ལས་ཀའི་གཙོ་གནད་དང་དམིགས་ཚད་ལས་འགན་ནན་ཏན་བཟོས་ཏེ། ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་དོན་གནད་ཁག་གཅིག་ལ་ཞིབ་འཇུག་དང་སྐུལ་འདེད་གཏོང་དགོས། འགན་འཁྲི་ནན་དུ་དང་དམ་དུ་བཏང་ནས་དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པའི”ནུས་པ་བཏོན་ཏེ་དཔྱད་བསྡུར་གྱི་དམིགས་སའི་རང་བཞིན་དང་ཚན་རིག་རང་བཞིན་ཆེ་རུ་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།