རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་གཙོ་སྐྱོང་གནང་བ།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ།
ཟླ་11ཚེས་6ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབྲེལ། རང་ལྗོངས་ཀྱི་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར་འཚོགས་པའི་འཛིན་སྐྱོང་སྤེལ་གསུམ་དང་། སྔ་འཛིན་ཕྱི་གཏོད། དར་ཆ་བསྒྲེངས་ནས་ཁ་ཕྱོགས་གཏན་འཁེལ། ལམ་བཤངས་གསར་གཏོད་བཅས་བྱེད་པའི་ཚོགས་འདུ་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་ཏང་དང་རྒྱལ་ཁབ་འཛུགས་པ་དང་དེ་བཞིན་ཏང་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གཏིང་ཟབ་བསྐྱོན་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་ལ་ཞིབ་འཇུག་བྱས་པ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བཀོད་པར་དམིགས་ཏེ། དུས་གནས་རྟོགས་དཔྱོད་དང་ཕྱོགས་ཡོངས་ནས་བསམ་གཞིག་བྱས་ཏེ་གཏན་ལ་ཕབ་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ཞིང་། དེ་ཐོག་ནས་ཏང་ཀྲུང་དབྱང་གི་ཆབ་སྲིད་ཀྱི་ཆོད་སེམས་བརྟན་པོ་དང་། ཆབ་སྲིད་ཀྱི་བརྡར་གཅོད་གསལ་པོ། ཕུགས་ཀྱི་ཆབ་སྲིད་འཆར་འགོད། ཆབ་སྲིད་ཀྱི་ཁས་ལེན་ནན་པོ་བཅས་གང་ལེགས་མངོན་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཆོད་དོན》གྱི་ནང་དུ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་བརྗོད་དོན་གཙོ་བོར་དམིགས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སྔར་བས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་ཡོད་པས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་བར་མཛུབ་ཁྲིད་ནུས་ལྡན་ཐུབ་ངེས་ཡིན་པ་དང་། ཏང་དོ་དམ་ལ་བྱེད་ཐབས་ཡོད་པ་དང་། ཏང་བཅོས་སྐྱོང་ཤུགས་དང་ལྡན་པ། ཏང་སྟོབས་ཆེར་གཏོང་ནུས་ལྡན་པ་བཅས་སྔར་བས་མངོན་འགྱུར་ཐུབ་ནས་རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་སྔར་བས་ནུས་ལྡན་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་ཐུབ་པ་དང་། ཏང་གི་རྨང་གཞི་དང་བྱ་གཞག་ནམ་ཡང་དར་ཞིང་རྒྱས་པར་འགན་ལེན་བྱེད་ཐུབ།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཡག་པོ་བྱེད་པ་ནི་ལྗོངས་ཡོངས་ཀྱི་གོང་འོག་ཀུན་གྱི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ང་ཚོས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར། བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་མགྱོགས་མྱུར་གཅིག་གྱུར་ཡོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དེར་གོ་བ་ལེན་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་དང་ཟུང་འབྲེལ་བྱེད་དགོས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཉམས་མྱོང་བེད་སྤྱོད་གཏིང་ཟབ་དང་། གཙོ་གནད་ལས་འགན་ཁག་དོན་འཁྱོལ་ཞིབ་ཕྲ། རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས། འགན་འཁྲི་དང་ལས་འགན་ལ་དམིགས་པ། མངོན་གསལ་དོད་པའི་གནད་དོན་ལ་གཞིགས་པ། ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པར་སྣང་ཆེན། ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སློབ་གསོ་ནན་ཏན་སྤེལ་ནས་ཏང་གི་འདུ་ཤེས་དང་། ཏང་ཡོན་གྱི་འདུ་ཤེས། གདོང་ལེན་རུ་ཁག་གི་འདུ་ཤེས་བཅས་ཟབ་ཏུ་ཟམ་མི་ཆད་པར་གཏོང་བ། “མཁར་རྫོང་གི་འདུ་འགོད” འཛུགས་སྐྱོང་ཡག་པོ། རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་མ་ལག་ཅན་གྱི་སྒོ་ནས་སྐུལ་འདེད་གཏོང་བ། ཏང་ཡོན་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་དང་འཇོན་ནུས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་དགོས། སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གྱི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ནས་ལས་ཀའི་འགན་འཁྲི་ནན་པོ་དང་ཏན་ཏིག་འཁུར་བ་དང་། སློབ་སྦྱོང་དང་གསོ་སྦྱོང་སྒྲིག་འཛུགས་ཞིབ་ཚགས། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་དུས་བགོས་ཁག་བགོས་ཀྱིས་ཏང་ཡོན་དང་ལས་བྱེད་པར་བརྒྱུད་རིམ་ལྡན་པའི་གསོ་སྦྱོང་། སྒྲོག་འགྲེལ་དང་དྲིལ་བསྒྲགས་ཀྱི་གསལ་འགྲེལ་རྒྱ་ཁྱབ་སྤེལ་བ། ཁ་གཏད་ཅན་དང་། ཚོགས་རིགས་ཅན། མཉམ་འགུལ་ཅན་བཅས་ལ་སྣང་ཆེན། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་རིམ་པ་ཁག་དང་རིགས་ཁག་གི་སྨྱན་སྦྱོར་ཐོན་ཁུངས་བེད་སྤྱོད་ཡག་པོ། རིམ་ཁག་ཏང་རྩ་འཛུགས་དང་རིམ་ལྔའི་སྒྲོག་འགྲེལ་པའི་ནུས་པ་འདོན་པ། དྲ་ཐོག་དང་དྲ་ཕྱིའི་དྲིལ་བསྒྲགས་དང་སྒྲོག་འགྲེལ་གྱི་བྱེད་སྒོ་སྤྱི་འདོམས་ངང་སྤེལ་བ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་གོང་འོག་ཀུན་ཏུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་རྣམ་པ་ཟབ་མོ་བཏོད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་གང་མགྱོགས་སྐྲུན་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
འབྲེལ་ཡོད་གསར་འགྱུར།