རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་ཚན་རིག་དང་མཐུན་པའི་སྤྱི་འདོམས་བྱས་ནས་ལྗོངས་ཡོངས་ཀྱི་ཆེད་ལས་ལག་རྩལ་མི་སྣའི་གོ་མིང་ཞིབ་དཔྱད་ལས་དོན་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུའི་འགན་ལེན་བྱས་པ།
ཤེས་ལྡན་པའི་གདེང་འཇོག་ལམ་སྲོལ་སྒྱུར་བཅོས་ལ་རིགས་དབྱེ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། རྒྱ་ཆེའི་ཆེད་ལས་ལག་རྩལ་མི་སྣའི་གོ་མིང་ཞིབ་དཔྱད་ཁེ་དབང་འགན་ལེན་ཏན་ཏིག་བྱ་ཆེད། ཉེ་ཆར། རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ས་ཁུལ་དང་གྲོང་ཁྱེར་ཁག་གི་མི་སྤྱི་ཅུས་དང་། རང་སྐྱོང་ལྗོངས་ལས་རིགས་གཙོ་འགན་སྡེ་ཚན་གྱི་གོ་མིང་ཞིབ་དཔྱད་ལས་དོན་ཚན་པ། རང་བརྟེན་ཞིབ་དཔྱད་ཚན་པ་བཅས་ཀྱིས《2026ལོའི་གོ་མིང་ཞིབ་དཔྱད་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་ལ《བརྡ་ཐོ》ཞེས་བསྡུ་རྒྱུ )བཀྲམ་ནས། ལྗོངས་ཡོངས་ཀྱི་ཆེད་ལས་ལག་རྩལ་མི་སྣའི་གོ་མིང་ཞིབ་དཔྱད་ལས་དོན་སྤྱི་འདོམས་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་པ་རེད།
《བརྡ་ཐོའི》ནང་། ཞིབ་དཔྱད་ནང་ཞུགས་མཁན་མི་སྣའི་ཁྱབ་ཁོངས་ཁ་གསལ་བཟོས་པ་དང་། གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པའི་ཆེད་ལས་ལག་རྩལ་མི་སྣ(ཕྱི་ནས་གདན་ཞུ་བྱས་པའི་མི་སྣ་ཚུད་པ)དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་ཀྱི་ཆེད་ལས་ལག་རྩལ་མི་སྣ། ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་སྤྱི་པུས་གཅིག་གྱུར་ཐོག་འདེམས་གཏོང་བྱས་པའི་བོད་སྐྱོར་ཆེད་ལས་ལག་རྩལ་མི་སྣ། དེ་བཞིན་ཐབས་ལམ་གཞན་དག་བརྒྱུད་བོད་སྐྱོར་བྱེད་པར་འདེམས་གཏོང་བྱས་པའི་དུས་ཡུན་ལོ་གཅིག་དང་དེ་ཡན་སོང་བའི་བོད་སྐྱོར་ཆེད་ལས་ལག་རྩལ་མི་སྣ་བཅས་ལ་ཁྱབ་ཡོད། དེ་དང་ཆབས་ཅིག་གོ་མིང་ཞིབ་དཔྱད་ནང་ཞུགས་རྒྱུའི་རེ་ཞུ་བྱེད་མི་ཆོག་པའི་གནས་ཚུལ་ཞིབ་ཚགས་སུ་བཏང་ནས། ཞིབ་དཔྱད་ནང་ཞུགས་མཁན་གྱི་ཁྱབ་ཁོངས་ཁ་གསལ་དང་མཚམས་ཐིག་གསལ་པོ་ཡོང་བའི་འགན་ལེན་བྱེད་དགོས།
《བརྡ་ཐོའི》ནང་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་གོ་མིང་ཞིབ་དཔྱད་ཨུ་ལྷན་གྱིས་སྔ་སྣུར་དུ་ཇུས་འགོད་དང་། བཀོད་སྒྲིག་ཞིབ་ཚགས། ཚན་རིག་དང་མཐུན་པའི་སྤྱི་འདོམས། དཔྱད་གཞི་བདག་སྤྲོད་ལུགས་མཐུན། ཐོབ་ཐང་ཞིབ་བཤེར། རིགས་གཅིག་མཁས་ཅན་འཐེན་པ(ཞིབ་དཔྱད་ཚོགས་འདུ་མ་འཚོག་གོང་གི་ལས་ཉིན་3ནང་ཚུན) རིགས་གཅིག་མཁས་ཅན་གྱི་ཞིབ་དཔྱད། མཇུག་འབྲས་ཡོངས་བསྒྲགས་སོགས་ལྷུ་ཚིགས་ཁག་གི་དུས་ཚོད་དང་མཚམས་ཚིགས་ལ་གཞིགས་ནས། 2026ལོའི་ཟླ་12ཚེས་31ཉིན་གྱི་གོང་དུ་ལོ་འཁོར་གྱི་གོ་མིང་ཞིབ་དཔྱད་ལས་དོན་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས། 2027ལོའི་ཟླ་1ཚེས་1ཉིན་ནས་བཟུང་། 2026ལོའི་ལོ་འཁོར་དང་དེ་གོང་གི་ལོ་འཁོར་གྱི་གོ་མིང་ཞིབ་དཔྱད་བརྡ་ཐོ་གཏོང་རྒྱུ་གཏན་འགོག་བྱས་ཏེ། བཙན་ཞིང་ནན་པའི་དུས་བཀག་བླང་བྱར་བརྟེན་ནས་ཞིབ་དཔྱད་ལས་དོན་གྱི་མྱུར་ཚད་མགྱོགས་སུ་དང་ཕན་འབྲས་ཆེ་རུ་གཏོང་དགོས།
བརྒྱུད་རིམ་ཧྲིལ་པོའི“ལྟ་འདོམས་དྲ་བ”ཚགས་དམ་དུ་གཏོང་ཆེད། 《བརྡ་ཐོའི》ནང་བླང་བྱ་བཏོན་དོན། ལྗོངས་ཡོངས་ཀྱི་གོ་མིང་ཞིབ་དཔྱད་ལས་དོན་ཐད“བོད་རང་སྐྱོང་ལྗོངས་ཀྱི་ཆེད་ལས་ལག་རྩལ་མི་སྣའི་གོ་མིང་ཞིབ་དཔྱད་ཆ་འཕྲིན་མ་ལག”མུ་མཐུད་སྤྱོད་རྒྱུ་དང་། གོ་མིང་ཞིབ་དཔྱད་ཀྱི་འགན་འཁུར་མཁན་སྡེ་ཚན་དང་ཚན་པས་ཞིབ་དཔྱད་དབང་ཚད་གཞིར་བཟུང་དྲ་ཐོག་ནས་བརྡ་ཐོ་གཏོང་བ་དང་། དཔྱད་གཞི་ཞིབ་དཔྱད། ཐོབ་ཐང་གཏན་འཁེལ་བྱེད་པ། ལག་ཁྱེར་སྤྲོད་པ་སོགས་ཀྱི་ལས་དོན་སྤེལ་དགོས་པ་དང་། གོ་མིང་ཞིབ་དཔྱད་ཨུ་ལྷན་གྱིས་ངེས་པར་དུ་ལོ་ལྟར་ལོ་འཁོར་གྱི་རྒྱུན་གཏན་ཞིབ་དཔྱད་ལས་དོན་ཐེངས་རེ་སྤེལ་ནས་ཆེད་ལས་ལག་རྩལ་མི་སྣས་ལོ་དེ་རང་ལ་ཡིག་ཐོག་སྙན་ཞུ་འབུལ་བ་དང་ལོ་དེ་རང་ལ་ཞིབ་དཔྱད་ཐུབ་པའི་འགན་ལེན་བྱེད་དགོས། ལས་ཀའི་གོ་རིམ་གསར་བཟོ་དང་འཐུས་སྒོ་ཚང་དུ་གཏོང་བའི་ཐད། ཞིབ་དཔྱད་ལས་དོན་མི་སྣ་དང་ཞིབ་དཔྱད་རིགས་གཅིག་མཁས་ཅན་གྱི་འགན་འཁྲི་ཁ་གསལ་བཟོ་བ་དང་། ལྡོག་བཤེར་བདའ་འདེད་ལམ་ལུགས་འཛུགས་པ། རང་གཅུན་རང་འདོམས་དང་། རང་གིས་རང་ལ་ལྟ་སྐུལ། རང་གིས་རང་ལ་ཡོ་བསྲང་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། གོ་མིང་ཞིབ་དཔྱད་ཨུ་ལྷན་ཁག་གིས་ལོ་དེ་རང་གི་གོ་མིང་ལ་ཞིབ་དཔྱད་བྱེད་པའི་ལས་ཉིན་60ཡི་ནང་ཚུན་དུ་ལས་རིགས་གཙོ་གཉེར་སྡེ་ཚན་དང་རིམ་མཚུངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་ལ“ལས་རྗེས”ཀྱི་སྙན་ཐོ་དཔོད་དགོས། རིམ་ཁག་མི་སྤྱི་སྡེ་ཚན་གྱིས་ས་གནས་ཀྱི་དོན་དངོས་དང་མཐུན་པའི་སྙན་དཔོད་གསལ་ཐོའི་ལྟ་འདོམས་ལམ་ལུགས་འཛུགས་པ་དང་། ལས་དོན་མ་སྒྲུབ་གོང་དང་། སྒྲུབ་རིང་། བསྒྲུབས་རྗེས་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་སྙན་དཔོད་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། དཔྱད་ཞིབ་མ་བྱས་གོང་སྙན་དཔོད་ཆ་ཚང་པོ་མེད་རིགས་ལ་དཔྱད་ཞིབ་བྱེད་མི་ཆོག་པ་དང་། དཔྱད་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་གནས་སྐབས་དཔྱད་ཞིབ་བྱེད་མཚམས་འཇོག་པ། དཔྱད་ཞིབ་བྱས་རྗེས་སྙན་དཔོད་ཆ་ཚང་པོ་མེད་རིགས་ལ་ཐོབ་ཐང་ཁས་ལེན་མི་བྱེད་པ་བཅས་བྱེད་དགོས།
དེ་དང་ཆབས་ཅིག ཞིབ་དཔྱད་ཀྱི་ཐབས་ལམ་སྔར་བས་མཐུན་སྦྱོར་བྱེད་པ་དང་། ཞིབ་དཔྱད་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ། གོ་མིང་ཞིབ་དཔྱད་དོ་དམ་མ་ལག་གི་ཞིབ་དཔྱད་བྱེད་སྒོའི་ཞིབ་དཔྱད་བརྒྱུད་རིམ་ལེགས་སུ་དང་རིམ་སྤོར་བྱེད་པ། ལྗོངས་ཡོངས་ཀྱི་རིམ་སྤེལ་གོ་མིང་ཞིབ་དཔྱད་ཀྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་ཀྱི་ཆེད་དུ། 《བོད་རང་སྐྱོང་ལྗོངས་ཀྱི་ཆེད་ལས་ལག་རྩལ་མི་སྣའི་གོ་མིང་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གི་དཀར་ཆག་གསལ་ཐོ(2026པར་གཞི)》གསར་བརྗེས་འགྲེམས་བསྒྲགས་བྱས་ནས། ལྗོངས་ཡོངས་ཀྱི་ཞིབ་དཔྱད་ཨུ་ལྷན་ཁག་འཛུགས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་། རྒྱ་ཆེའི་ཆེད་ལས་ལག་རྩལ་མི་སྣས་གོ་མིང་ཡིག་ཐོག་སྙན་ཞུ་འབུལ་བ་དང་སྲིད་ཇུས་ཀྱི་བློ་འདྲི་བྱེད་པར་སྟབས་བདེ་སྐྲུན་པ། རང་རྟོགས་ངང་ལྟ་སྐུལ་དང་ལེན་ཞུ་བ་བཅས་བྱས་ཏེ། ཚན་རིག་དང་མཐུན་པའི་ཞིབ་དཔྱད་དང་། ཀུན་གསལ་ཞིབ་དཔྱད། དྲང་གཞག་ཞིབ་དཔྱད་བཅས་ཡོང་བའི་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།